ཚེས11ཉིན། ཨར་ཅི་རི་ཡའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨར་ཅི་རི་ཡའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཨར་ཅི་རི་ཡ་རུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཁང་དུ་གནས་སྐབས་ཀྱི་ལས་ཚབ་ཏུ་མངགས་གཏོང་གོ་རིམ་དང་མི་མཐུན་པའི་མི་སྣ་མྱུར་དུ་ཕྱིར་འབུད་གཏོང་རྒྱུ་གཏན་འབེབས་བྱས་པ་རེད།
གནས་ཚུལ་ཤེས་མཁན་གྱི་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨར་ཅི་རི་ཡ་ཕྱོགས་ཀྱིས་གོང་གསལ་གྱི་གཏན་འབེབས་དེ་ལྟར་བྱེད་དོན་ནི། ཧྥ་རན་སི་ཕྱོགས་ཀྱིས་ཨར་ཅི་རི་ཡ་རུ་སྡོད་པའི་ཧྥ་རན་སིའི་ཕྱི་འབྲེལ་དང་གཞུང་ཚབ་ལས་ཁུངས་ཀྱི་མི་སྣའི་མངགས་གཏོང་གོ་རིམ་ཁྲོད་ཐེངས་མང་པོར་མངོན་སུམ་འཛེམ་མེད་ཀྱིས་སྒྲིག་འགལ་བྱས་པས་རེད།
གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་ཨར་ཅི་རི་ཡའི་འབྲེལ་ཡོད་སྡེ་ཁག་གིས་ཧྥ་རན་སི་ཕྱོགས་ཀྱིས་གོ་རིམ་ལྟར་སྔོན་ལ་དངོས་སུ་བརྡ་ཐོ་མ་བཏང་བ་དང་། ཡང་ན་རེ་ཞུ་འོས་འཚམ་མ་བཏོན་པའི་གནས་ཚུལ་འོག ཉུང་མཐར་ཡང་ཧྥ་རན་སིའི་མི་སྣ་15ཙམ་ཕྱི་འབྲེལ་དང་ཡང་ན་གཞུང་ཚབ་པའི་གོ་གནས་འཁུར་བར་མངགས་ཡོད་པ་ཤེས་རྟོགས་བྱུང་། གོང་གསལ་གྱི་མངགས་གཏོང་བྱེད་སྟངས་དེ་རྒྱལ་སྤྱིའི་སྤྱི་ཆིངས་དང་ཕྱི་འབྲེལ་གོམས་སྲོལ་གྱི་རྒྱུན་སྲོལ་གོ་རིམ་དང་མི་མཚུངས། དེ་ལས་གཞན་ཕྱི་འབྲེལ་ལམ་ཡིག་ཡོད་པའི་ཨར་ཅི་རི་ཡ་ཕྱོགས་ཀྱི་མི་སྣ་མང་པོ་ཧྥ་རན་སིའི་རྒྱལ་མཚམས་བརྒལ་བར་ཁས་ལེན་བྱས་མེད། ཨར་ཅི་རི་ཡ་ཕྱོགས་ཀྱིས་ཕ་རི་སི་དང་མ་སའེ་རུ་སྡོད་པའི་སྤྱི་ཁྱབ་གཞུང་ཚབ་པ་གཉིས་དང་། གཞུང་ཚབ་གཞན་དག7གྱིས་ཧྥ་རན་སིའི་དབང་འཛིན་ལས་ཁུངས་ཀྱིས་ཞིབ་མཆན་འགོད་རྒྱུར་སྒུག་ནས་ཟླ་བ5ལྷག་ཙམ་འགོར་ཡོད་པ་རེད། དེར་བརྟེན་ཨར་ཅི་རི་ཡའི་དབང་འཛིན་ལས་ཁུངས་ཀྱིས་རྒྱུན་ལྡན་མིན་པའི་ཆ་རྐྱེན་འོག་མངགས་གཏོང་བྱས་པའི་ཧྥ་རན་སི་ཕྱོགས་ཀྱི་མི་སྣ་ཚང་མ་མྱུར་དུ་ཕྱིར་འབུད་བྱེད་རྒྱུ་གཏན་འབེབས་བྱས་པ་རེད།
ཟླ་བ་ཁ་ཤས་ཀྱི་རིང་ལ་ཨར་ཅི་རི་ཡ་དང་ཧྥ་རན་སིའི་འབྲེལ་བ་མུ་མཐུད་དུ་ཛ་དྲག་ཏུ་འགྲོ་བཞིན་ཡོད། 2024ལོའི་ཟླ7པའི་ཟླ་མཇུག་ཏུ། ཞི་ས་ཧ་ལའི་གནད་དོན་ཐད་ཀྱི་ཧྥ་རན་སིའི་ལངས་ཕྱོགས་ལ་ཡིད་ཚིམ་མེད་པའི་པའི་དབང་གིས་ཨར་ཅི་རི་ཡས་ཧྥ་རན་སིར་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འཐེན་བྱས། ད་ལོའི་ཟླ4པར་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་མི་སྣ་མང་པོ་ཕན་ཚུན་རྒྱལ་ཁབ་ལས་ཕྱིར་འབུད་བྱས་པ་རེད། ཟླ4བའི་ཚེས14ཉིན། ཨར་ཅི་རི་ཡའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། ཧྥ་རན་སིའི་ཕྱི་འབྲེལ་མི་སྣ12དུས་བཀག་ལྟར་རྒྱལ་མཚམས་ནས་ཁ་བྲལ་དགོས་པའི་བླང་བྱ་བཏོན་པ་དང་། ཕྱི་ཉིན་ཧྥ་རན་སིའི་ཙུང་ཐུང་ཁང་གིས་སྤྱི་བསྒྲགས་སྤེལ་ནས། ཧྥ་རན་སིར་སྡོད་པའི་ཨར་ཅི་རི་ཡའི་ཕྱི་འབྲེལ་མི་སྣ12ཕྱིར་འབུད་བྱ་རྒྱུ་དང་། ཨར་ཅི་རི་ཡར་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འཐེན་བྱས་ནས་ལས་འགན་སྙན་ཞུ་བྱ་རྒྱུ་ཡིན་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།