ཚེས11ཉིན་གྱི་དགོང་མོར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས12ཉིན་ནས་བཟུང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་བར་ཕྱོགས་ཡོངས་ནས་ཡུན་རིང་བོར་དམག་འཁྲུག་མཚམས་འཇོག་པར་རེ་སྒུག་བྱེད་ཀྱི་ཡོད་པ་དང་། ཁོས་ཐུར་ཁེ་རུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྲོས་མོལ་བྱེད་དུ་ཡོང་བར་སྒུག་རྒྱུ་ཡིན་ཞེས་བཤད།
ཙེ་ལན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས12ཉིན་ནས་བཟུང་ཁྱོན་ཡོངས་དང་ཡུན་རིང་བོར་དམག་འཁྲུག་མཚམས་འཇོག་པར་རེ་སྒུག་བྱེད་ཀྱི་ཡོད་པ་དང་། དེས་ཕྱི་འབྲེལ་བྱ་འགུལ་ལ་དགོས་ངེས་ཀྱི་རྨང་གཞི་མཁོ་འདོན་བྱེད་ཐུབ་རྒྱུ་རེད་ཅེས་བཤད། ཚེས15ཉིན་ཁོས་ཐུར་ཁེ་རུ་ཕུའུ་ཅིན་ལ་སྒུག་རྒྱུ་རེད།
ཚེས11ཉིན། ཕུའུ་ཅིན་གྱིས་སྨྱན་བྱད་ལས་གསལ་བསྒྲགས་སྤེལ་ནས། ཚེས15ཉིན་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཐུར་ཁེའི་དབྱི་སི་ཐན་པུར་ནས་ཡང་བསྐྱར་ཆ་རྐྱེན་མེད་པའི་སྒོ་ནས་ཐད་ཀར་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ་རེད། ཕུའུ་ཅིན་གྱིས་ད་དུང་གྲོས་མོལ་བྱེད་པའི་རིང་ལ་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་གསར་པ་ཁག་ཅིག་གི་ཐད་ངོས་འཛིན་གཅིག་མཐུན་འབྱུང་སྲིད་པར་བཤད།
ཚེས11ཉིན་ཐུར་ཁེའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་གསལ་བསྒྲགས་སྤེལ་ནས། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཉིན་དེར་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཐུར་ཁེ་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་གྲོས་མོལ་གཙོ་གཉེར་བྱེད་འདོད་ཡོད་ཅེས་བཤད།
གསལ་བསྒྲགས་ལས་ཨེ་ཨར་ཏོ་ཨན་གྱིས་ཐུར་ཁེའི་དབྱི་སི་ཐན་པུར་ནས་ཡང་བསྐྱར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་མགོ་རྩོམ་རྒྱུའི་སྐོར་གྱི་ཕུའུ་ཅིན་གྱི་གྲོས་གཞིར་དགའ་བསུ་ཞུས་པ་དང་། ཐུར་ཁེ་ཡིས་ཐེངས་འདིའི་གྲོས་མོལ་གཙོ་གཉེར་བྱེད་པར་གྲ་སྒྲིག་བྱས་ཡོད་ཅེས་བཤད། ཁོས་ད་དུང་ཞི་བདེའི་གོ་སྐབས་ཀྱི་སྒེའུ་ཁུང་ཕྱེས་ཟིན་པས་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་པ་དེས་ཞི་བའི་གྲོས་མོལ་ལ་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་རེད་ཅེས་ནན་བཤད་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།