འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཐལ་དྲགས་གནམ་གཤིས་དང་ནམ་ཟླའི་འགྱུར་ལྡོག་གིས་ཧྥེ་གླིང་ལ་རྡུང་རྡེག་ཚབས་ཆེན་གཏོང་སྲིད་ཟེར།
2025.05.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཚེས12ཉིན2024ལོའི་ཧྥེ་གླིང་གི་ནམ་ཟླའི་འགྱུར་ལྡོག་སྙན་ཞུ་ཁྱབ་བསྒྲགས་ལས་བཤད་རྒྱུར། ཐལ་དྲགས་པའི་གནམ་གཤིས་དང་ནམ་ཟླའི་འགྱུར་ལྡོག་གིས་ཧྥེ་གླིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་རྡུང་རྡེག་བཏང་སྟེ། ལྟོགས་སྐོམ་དང་། བདེ་འཇགས་མིན་པ། ཡུལ་གྱར་བཅས་ཀྱི་གནས་ཚུལ་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་ཟེར།

སྙན་ཞུ་ལས་བསྟན་དོན། 2024ལོ་ནི་ཧྥེ་གླིང་ཚ་བ་ཆེས་ཆེ་ཤོས་དང་ཚ་བ་ཆེ་བའི་ལོ་གཉིས་པ་ཡིན་ཞིང་། ཆ་སྙོམ་གྱི་ས་ངོས་དྲོད་ཚད་དེ1991ལོ་དང2020ལོའི་བར་གྱི་དུས་ཡུན་རིང་བོའི་ཆ་སྙོམ་གྲངས་ཚད་ལས་ཧྲེ་ཧྲི་ཏུའུ0.86ལས་མཐོ་བ་རེད། འདས་པའི་ལོ་ངོ་བཅུ་ནི། ཧྥེ་གླིང་གི་ཟིན་ཐོའི་ཚུན་གྱི་ཆེས་ཚ་བ་ཆེ་བའི་ལོ་ངོ་བཅུ་རེད། 2024ལོར། ཧྥེ་གླིང་སྐམ་ས་སྐོར་བའི་མཚོ་ངོས་ཀྱི་དྲོད་ཚད་ཟིན་ཐོ་བསྐྲུན་པའི་ཆུ་ཚད་དུ་སླེབས་ཤིང་། ནུབ་ཀྱི་རྒྱ་མཚོ་ཆེན་མོ་དང་ས་དབུས་རྒྱ་མཚོའི་དྲོད་ཚད་འཕར་གྲངས་ཇེ་མགྱོགས་སུ་སོང་ཡོད། རྒྱ་མཚོའི་ཚ་རླབས་ཀྱི་ཤུགས་རྐྱེན་ཐེབས་པའི་ས་ཁོངས་རྒྱ་ཁྱོན་དེ་ཟིན་ཐོར་བཀོད་པའི་ཚུན་གྱི་ཆེས་མཐོ་ཤོས་སུ་སླེབས།

འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སའེ་ལེ་སི་ཐི་ཧྲའོ་ལའོ་ཡིས་གསར་འགྱུར་སྤྱི་བསྒྲགས་ཁྲོད་བཤད་རྒྱུར། སྙན་ཞུ་འདིས་ཧྥེ་གླིང་ཧྲིལ་བོའི་སྐམ་སའི་ནམ་ཟླའི་འགྱུར་ལྡོག་གི་དགོས་གཏུགས་རང་བཞིན་དང་རྒྱུན་ཆད་མེད་པའི་རིམ་སྤོར་གནས་བབ་མཚོན་བཞིན་ཡོད་ཟེར། དེ་མིན་ད་དུང་ཐལ་དྲགས་པའི་གནམ་གཤིས་དོན་རྐྱེན་གྱི་མངོན་གསལ་གནས་བབ་ཞིག་མཚོན་ཡོད་དེ། རྒྱལ་ཁབ་ཁ་ཤས་ཀྱིས་ནུས་ཤུགས་ཡོད་དགུས་དྲག་ཆར་ལས་བྱུང་བའི་ཆུ་ལོག་ཆེན་མོར་ཁ་གཏད་འཇལ་བ་དང་། རྒྱལ་ཁབ་ཁ་ཤས་ཤིག་གིས་ཐན་སྐམ་དང་ཆུའི་ཐོན་ཁུངས་ཀྱིས་མི་འདང་བའི་དཀའ་སྡུག་མྱོངས་བཞིན་པ་ཤེས་ཐུབ། ཧྲའོ་ལའོ་ཡིས་བཤད་རྒྱུར། རེ་བ་ཡིན་ན་སྙན་ཞུ་འདི་ལས་ཐུན་མོང་འགུལ་སྐྱོད་སྤེལ་བར་སྐུལ་མ་ཐེབས་ནས། ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་ནམ་ཟླའི་འགྲན་སློང་དང་དེའི་མུ་འབྲེལ་ཤུགས་རྐྱེན་ལ་ཁ་གཏད་འཇལ་དགོས་ཟེར།

སྙན་ཞུ་འདི་ལས་ཧྥེ་གླིང་གི་ཞིང་ལས་དང་ཁོར་ཡུག་གནས་བབ་གསལ་བོར་བསྟན་ཞིང་། འབྲུ་རིགས་དང་། ཆུ་དང་ནུས་ཁུངས་བདེ་འཇགས། དེ་མིན་འཕྲོད་བསྟེན་དང་སློབ་གསོ་སོགས་ཕྱོགས་སོ་སོར་འཕྲད་པའི་འགྲན་སློང་ནན་བཤད་བྱས་ཡོད་ཅིང་། དུས་མཉམ་དུ་འགྲན་སློང་ལ་ཁ་གཏད་འཇལ་བའི་གོ་སྐབས་དང་གསར་དར་ཡོ་བྱད་ཀྱང་ནན་བཤད་བྱས་ཡོད། སྙན་ཞུ་ལས་བསྟན་དོན། མི་ཐབས་རིག་ནུས་དང་། སྤོ་སྒུལ་ཆ་འཕྲིན་ཡོ་བྱད། གནམ་གཤིས་སྔོན་བརྡའི་དབྱེ་དབྱིབས་སྔོན་ཐོན་ཅན་གྱིས་ད་ལྟ་ཧྥེ་གླིང་ཧྲིལ་བོའི་གནམ་གཤིས་ཞབས་ཞུའི་གནད་འཁེལ་རང་བཞིན་དང་ཡོངས་ཁེབས་ཚད་ཇེ་ཆེར་གཏོང་བཞིན་ཡོད་ཀྱང་། གནམ་གཤིས་དང་ནམ་ཟླའི་ཞབས་ཞུའི་གཞི་གྲངས་ཅན་གྱི་ཚུལ་སྒྱུར་ལ་སྔར་ལས་སྐུལ་འདེད་གཏོང་ན་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་དངུལ་གཏོང་དང་། གཞི་གྲངས་མཉམ་སྤྱོད་སྒྲོམ་གཞི་དང་བཟོད་སྒོམ་རང་བཞིན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་དགོས་ཟེར།

སྙན་ཞུ་ལས་བཤད་རྒྱུར། མིག་སྔར་བྲེལ་མྱུར་ཆེ་བའི་དོན་དག་ཞིག་ནི་སྔོན་བརྡའི་མ་ལག་ལེགས་བཅོས་བྱས་ཏེ།  ནམ་ཟླའི་མཉེན་གཤིས་དང་འཚམ་མཐུན་རང་བཞིན་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཡིན་པས། ཧྥེ་གླིང་གི་རྒྱབ་ཁབ་སོ་སོའི་སྲིད་གཞུང་དང་། འཕེལ་རྒྱས་གྲོགས་པོ། སྒེར་གཉེར་སྡེ་ཁག་སོ་སོས་ནམ་ཟླའི་རིག་ནུས་རྣམ་པའི་དངུལ་གཏོང་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།