ཚེས13ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དང་དབྱི་སི་རལ་རྒྱལ་ཁབ་ཀྱི་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཉིན་དེར་ཅ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་ཧན་ཡིའུ་ཉི་སིའི་ཡོ་རོབ་སྨན་ཁང་གི་ས་འོག་བཀོད་འདོམས་དང་ཚོད་འཛིན་ལྟེ་གནས་ཀྱི་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་དྲག་ཆས་མི་སྣར་གནད་འཁེལ་རྡུང་རྡེག་བཏང་པ་དང་། ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་གིས་མཁའ་རྒོལ་བྱས་ནས་ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་ཟེར།
《དབྱི་སི་རལ་གྱི་སྐབས་དོན་ཚགས་པར》སྟེང་དབྱི་སི་རལ་རྒྱལ་སྲུང་པུའུ་ཡི་གསར་འགྱུར་མི་སྣའི་སྐད་ཆ་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་མཁའ་རྒོལ་གྱི་དམིགས་འབེན་ནི་ཧ་མ་སིའི་མཐོ་རིམ་དམག་དོན་བཀོད་འདོམས་དཔོན་པོ་མུའུ་ཧན་མའོ་ཏི•ཞིན་ཝ་ཨར་ཡིན་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཞིན་ཝ་ཨར་མཁའ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་མེད་ར་སྤྲོད་བྱས་མེད།
ཉིན་དེར་ཧ་མ་སིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱིས་ས་ཁུལ་དེ་རུ་དམག་དོན་རྟེན་གཞི་ཡོད་ཅེས་བཤད་པ་དེ་ནི་རྫུན་གཏམ་དངོས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་གླེང་ཕྱོགས་ལ་ནོར་འཁྲུལ་བཟོ་བསམ་པ་རེད། དབྱི་སི་རལ་གྱིས་ཁ་གཡར་ས་དེ་དག་སྤྱད་དེ་ཅ་ཧྲ་ས་ཁུལ་གྱི་སྨན་བཅོས་སྡེ་ཁག་ལ་གཏོར་བརླག་བྱས་པ་དང་། ཅ་ཧྲ་ས་ཁུལ་གྱི་ཉེས་མེད་མི་སེར་བསད་པ་སོགས་འཇིགས་སྐུལ་འགུལ་སྐྱོད་ཐེངས་མང་སྤེལ་མྱོང་ཟེར།
ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཡོ་རོབ་གླིང་གི་སྨན་ཁང་དང་དེའི་མཐའ་འཁོར་ས་ཁུལ་ལ་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་བ་དང་མི70ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་དང་། སྨན་ཁང་གི་འཛུགས་སྐྲུན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པར་བཤད།
ཚེས13ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་མ་འོངས་པའི་ཉིན་འགའི་ནང་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་ཕར་རྒོལ་བྱས་ནས་ཧ་མ་སི་ཕམ་པར་བྱ་རྒྱུ་ཡིན་ཞེས་བཤད། ཉེ་སྔོན་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་རྒྱ་ཆེར་སྤེལ་ནས་ས་ཁུལ་དེ་ཁྱོན་ཡོངས་ནས་ཚོད་འཛིན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།