ཚེས13ཉིན་གྱི་ས་སྲོས་སུ་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་མཁའ་དམག་གིས་ཉིན་དེར་ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་འཕངས་པའི་འཕུར་མདེལ་ཞིག་བཀག་འགོག་བྱས་ཡོད་ཅེས་བཤད།
ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཡའེ་ལུའུ་ས་ལེམ་ནས་མཁའ་ཟོན་ཉེན་བརྡ་ཐོས་པ་མ་ཟད་འབར་གས་ཀྱི་སྒྲ་དྲག་པོ་ཐོས། གསར་འགོད་པའི་ལག་ཁྱེར་ཁ་པར་དུ་སྒྲིག་སྦྱོར་བྱས་པའི་སྔོན་བརྡའི་མ་ལག་ལས་མངོན་པ་ལྟར་ན། དབུས་རྒྱུད་ཀྱི་གྲོང་ཁྱེར་ཐི་ལ་ཝེ་ཧྥུའུ་དང་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཨ་ཧྲི་ཏུའུ་ཏི་དང་བཅས་པའི་དབྱི་སི་རལ་གྱི་ས་ཁུལ་མང་པོ་ཞིག་ཏུ་མཁའ་ཟོན་ཉེན་བརྡ་གྲག་ཡོད་པ་རེད།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཟླ3པའི་ཚེས18ཉིན། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པ་ནས་བཟུང་། ཧུའུ་སའེ་དྲག་ཆས་ཀྱིས་དབྱི་སི་རལ་ལ་མདེལ་ལམ་འཕུར་མདེལ30འཕངས་པ་དང་མི་མེད་གནམ་གྲུ་བཅུ་ཕྲག་ཁ་ཤས་བཏང་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།