ཚེས10ཉིན་ནས་ཚེས11ཉིན་བར་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཐོ་རིམ་གྲོས་མོལ་སུའེ་ཙེར་རི་ནེ་ཝ་རུ་བསྡུས། ཚེས12ཉིན་ཕྱོགས་གཉིས་ཀྱིས《ཀྲུང་གོ་དང་ཨ་རིའི་རི་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་མཉམ་འབྲེལ་གསལ་བསྒྲགས》ཁྱབ་བསྒྲགས་བྱས་པར་ཨ་རིའི་ལས་རིགས་མང་པོའི་མི་སྣས་དགའ་བསུ་ཞུས།ཁོ་ཚོས་བལྟས་ན།གནས་ཚུལ་དེའི་ཐོག་ནས་འཛམ་གླིང་སྟེང་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་ཀྱིས་འདྲ་མཉམ་གྲོས་མོལ་བྱས་པ་བརྒྱུད་ནས།མི་མཐུན་པའི་ཆ་རྣམས་ཐག་གཅོད་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་འཚོལ་ཞིབ་བྱེད་བཞིན་ཡོད་པ་མཚོན་པས་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ཡག་ཤོས་དང་མཐུན་པར་འདོད།
ཨ་རིའི་གྲུ་ཁ་ཆེ་ཤོས་དང་བྲེལ་འཚུབ་ཆེས་ཆེ་བའི་ལུའོ་ཧྲན་ཅི་གྲུ་ཁའི་ལག་བསྟར་ལས་འཛིན་པ་ཅི་ཨེན·སའེ་ལུའོ་ཁ་ཡིས་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར།དེ་ནི་འཛད་སྤྱོད་པ་དང་ཨ་རིའི་ཁེ་ལས།བཟོ་པ།མཁོ་སྤྲོད་སྦྲེལ་ཐག་བཅས་ཀྱི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་རེད་ཅེས་བཤད་ཡོད། ཨ་རིའི་གྲུ་ཁ་གལ་ཆེན་གཞན་ཞིག་ཡིན་པའི་ཁྲང་ཐན་གྲུ་ཁའི་ལག་བསྟར་ལས་འཛིན་པ་མ་ལིས་ཨོ·ཁི་ཨར་ཏི་ལུའོ་ཡིས་ཀྱང་དེ་ནི་གཏམ་བཟང་ཞིག་པར་བཤད་ཡོད།
ཨ་རིའི་གྱོན་ཆས་དང་ལྷམ་རིགས་མཐུན་ཚོགས་ཀྱིས་གསལ་བསྒྲགས་ཤིག་གི་ནང་དུ།མཐུན་ཚོགས་ཀྱིས་ཨ་རི་དང་ཀྲུང་གོས་སྒོ་ཁྲལ་ཁག་ཅིག་ཉིན90ཡི་རིང་གནས་སྐབས་སུ་མཚམས་འཇོག་བྱེད་པར་མོས་མཐུན་བྱུང་བར་དགའ་བསུ་ཞུས་པ་དང་།གནས་ཚུལ་དེས་འདས་ཟིན་པའི་ཟླ་བ་གཅིག་ལྷག་ཙམ་གྱི་རིང་གི་ཨ་རི་དང་ཀྲུང་གོའི་ཚོང་དོན་ཛ་དྲག་གི་རྣམ་པ་ཞི་ལྷོད་དུ་འགྲོ་བར་ཕན་ཐོགས་པར་ངོས་འཛིན་བྱེད་ཀྱི་ཡོད།
ཨ་རིའི་ཀུའེ་ཀུའུ་ཡི་སྙོལ་ཆས་གྲགས་ཅན་གྱི་གསར་གཏོད་མཁན་བར་སྟོང་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་པོ།ཧྲི་ཏིས་ཧྥུའུ·ཧུའོ་ཧྥུའུ་མན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།འདི་ནི་མདུན་ཕྱོགས་སུ་སྤོས་པའི་གོམ་པ་གལ་ཆེན་ཞིག་ཡིན།སྒོ་ཁྲལ་མཐོན་པོ་ཁ་སྣོན་བྱས་ནས་ཁེ་ལས་ཀྱི་ཁུར་པོ་ཇེ་ལྕི་རུ་ཕྱིན་པ་དང་།འཛད་སྤྱོད་མ་གནས་མཐོ་རུ་ཕྱིན་པ།ཉོ་འཚོང་འཁོར་རྒྱུག་འཁྱོགས་ལམ་དུ་ཞུགས་ནས།ལས་ཆོད་དམའ་བ་དང་ངེས་གཏན་མིན་པའི་རང་བཞིན་ཆེ་རུ་སོང་ཡོད།ང་ཚོས་ཚོང་རྫས་དང་ཞབས་ཞུ།གསར་གཏོད་བཅས་ཕྱོགས་གཉིས་ཀྱི་རང་དབང་གི་འཁོར་རྒྱུག་ལ་སྐུལ་མ་གཏོང་བའི་ཉོ་འཚོང་གི་ཁོར་ཡུག་ཅིག་ཧུར་ཐག་གིས་བསྐྲུན་དགོས་ཞེས་བཤད།
ཀྲི་ཅ་ཀོ་བྱང་སྐར་མ་འཇོག་དོ་དམ་ཀུང་སིའི་དབུ་བཞུགས་མ་འཇོག་དཔོན་པོ་ཨའེ་ལིས་ཁི·ཁུའུ་པིས་ཀྱིས་དེ་ནི་ཡང་དག་པའི་ཕྱོགས་སུ་སྤོས་པའི་གོམ་པ་ཞིག་ཡིན་པ་དང་།མཉམ་ལས་བྱེད་པ་ལས་འགྲན་རྒོལ་མིན་པའི་གཞི་གདངས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་ཀྱི་ཡོད་ཅེས་བཤད།
ཨ་རིའི་པིས་ཏི་སིན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་དང་།ནོར་སྲིད་པུའུ་ཡི་དཔོན་རིགས་ཟུར་པ་ཅ་ལིས·ཧི་ཧྥུའུ་པའོ་ཨེར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།ཨ་རི་དང་ཀྲུང་གོས་ཕན་ཚུན་སྒོ་ཁྲལ་ཇེ་ཉུང་དུ་བཏང་པ་དེ་ནི་གཏམ་བཟང་ཞིག་རེད།རྒྱུ་མཚན་ནི།དེས་འཛད་སྤྱོད་ཐོན་རྫས་ཁག་ཅིག་གི་རིན་གོང་མཐོ་རུ་འགྲོ་བ་ལས་གཡོལ་ཐུབ་པར་མ་ཟད།ཚད་ངེས་ཅན་ཞིག་གི་སྟེང་ནས་ཚོང་ལས་ཀྱི་ཡིད་ཆེས་སླར་གསོ་བྱེད་ཐུབ་རྒྱུ་རེད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།