ཚེས12ཉིན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་གཞུང་དོན་དྲ་བའི་སྟེང་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་ལས་མངོན་ལྟར་ན། དབྱི་སི་རལ་སྲིད་གཞུང་གིས་ཁྲིམས་ཁང་དེར་དབྱི་སི་རལ་གྱི་ཙུང་ལི་པིན་ཡ་མིན·ནེ་ཐ་ཉི་ཡ་ཧུའུ་དང་། རྒྱལ་སྲུང་པུའུ་ཀྲང་ཟུར་པ་ཡུའེ་ཡ་ཧྥུའུ·ཅ་ལན་ཐི་ཡི་རྒྱལ་སྤྱིའི་འཛིན་བཟུང་བཀའ་རྒྱ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད་པ།
ན་ནིང་ཟླ11པར་ཧི་ལན་ཧའེ་ཡ་རུ་བཙུགས་པའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ནེ་ཐ་ཉི་ཡ་ཧུའུ་དང་སྐབས་དེ་དུས་ཀྱི་རྒྱལ་སྲུང་དཔོན་པོ་ཅ་ལན་ཐེ་གཉིས་ལ་དམིགས་པའི་རྒྱལ་སྤྱིའི་འཛིན་བཟུང་བཀའ་རྒྱ་བཏང་ནས། དབྱི་སི་རལ་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཁྲོད། ཁོ་གཉིས་ལ་དམག་འཁྲུག་གི་ཉེས་པ་དང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་པ་ཡོད་ཅེས་སྐྱོན་འདོན་ཞུ་གཏུག་བྱས།
སྐབས་དེར་ཁྲིམས་ཁང་དེས་ད་དུང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་དམག་དོན་མགོ་ཁྲིད་པར་དམིགས་པའི་འཛིན་བཟུང་བཀའ་རྒྱ་བཏང་པ་དང་། དབྱི་སི་རལ་གྱི་དམག་གིས་དམག་དོན་འགུལ་སྐྱོད་མང་པོ་སྤེལ་བའི་ཁྲོད། ཧ་མ་སིའི་མགོ་ཁྲིད་པ་གཙོ་བོ་མང་པོ་བསད་པ་དང་ཆབས་ཅིག་འབྲེལ་ཡོད་འཛིན་བཟུང་བཀའ་རྒྱ་ཕྱིར་འཐེན་བྱས་པ་རེད།
རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ནི2002ལོའི་ཟླ7པར་ནུས་པ་ཐོན་པའི《རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་རོ་མའི་གན་རྒྱ》གཞིར་བཟུང་ནས་བཙུགས་པའི་སྲིད་གཞུང་བར་གྱི་རྩ་འཛུགས་ཤིག་ཡིན་པ་དང་། གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སྐུལ་འདེད་དང་གཙོ་ཁྲིད་བྱེད་ཀྱི་ཡོད།གན་རྒྱ་དེ་ལྟར་ན། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་འཛིན་བཟུང་བཀའ་རྒྱ་བཏང་ཚེ། ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ལ་ལག་བསྟར་བྱེད་པའི་བཅའ་ཁྲིམས་ཀྱི་འོས་འགན་ཡོད་པས། དོ་བདག་པ་རྒྱལ་ཁབ་དེའི་མངའ་ཁོངས་སུ་འཛུལ་སྐབས་ངེས་པར་དུ་འཛིན་བཟུང་བྱ་དགོས།དབྱི་སི་རལ་དང་ཨ་རི་གཉིས་ཀ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་དུ་ཞུགས་མེད་མོད། འོན་ཀྱང་དབྱི་སི་རལ་ཕྱོགས་ཀྱིས་འཛིན་བཟུང་བཀའ་རྒྱ་ལ་དམིགས་ནས་ཞུ་གཏུག་བྱས་པ་དང་། མིག་སྔར་ཁྲིམས་ཁང་ལ་ཞུ་གཏུག་ཁྲུན་ཐག་མ་བཅད་སྔོན་དུ་དབྱི་སི་རལ་ཕྱོགས་ཀྱི་མགོ་ཁྲིད་པའི་འཛིན་བཟུང་བཀའ་རྒྱ་ཕྱིར་འཐེན་བྱ་རྒྱུའི་རེ་བ་བཏོན་ཡོད།
འཇར་མན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འཛིན་བཟུང་བཀའ་རྒྱ་བཏང་པ་དེས་ནེ་ཐ་ཉི་ཡ་ཧུའུ་འཚམས་འདྲིར་འགྲོ་སྐབས་ཀྱི་འགུལ་སྐྱོད་རང་དབང་ལ་འགོག་རྐྱེན་ཐེབས་སྲིད་ཅེས་འཁོད་ཡོད་པ་རེད།ནེ་ཐ་ཉི་ཡ་ཧ་ཡིས་ཟླ4པའི་ཟླ་མགོར་ཧང་ཀ་རི་ལ་འཚམས་འདྲི་བྱས་པ་དང་ཧང་ཀ་རི་ཕྱོགས་ཀྱིས་ཁོ་འཛིན་བཟུང་བྱ་རྒྱུ་དང་ལེན་མ་བྱས་པར་མ་ཟད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ནས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
ཟླ2པར་འཇར་མན་གྱི་གསར་དུ་བསྐོས་པའི་ཙུང་ལིས་ཧྥུ་ལིས་ཏི་ལིས་ཞི·མོ་ཚི་ཡིས་སྲིད་ཏང་གི་ཙུང་ལིའི་འོས་མིའི་ཐོབ་ཐང་སྟེང་ནས། ནེ་ཐ་ཉི་ཡ་ཧུའུ་ཡིས་འཇར་མན་དུ་འཚམས་འདྲི་བྱེད་པར་གདན་འདྲེན་ཞུས་པ་དང་། བྱེད་ཐབས་སྤྱད་དེ་ཁོ་འཛིན་བཟུང་བཀའ་རྒྱ་ལས་གཡོལ་རྒྱུར་རོགས་རམ་བྱ་རྒྱུའི་འགན་ལེན་བྱས་མོད། འོན་ཀྱང་བྱ་སྤྱོད་དེར་འཇར་མན་དུ་རྩོད་གླེང་བྱུང་བ་རེད།མོ་ཚིས་ཟླ་འདིའི་ཚེས6ཉིན་འགན་ཁུར་རྗེས་དོན་དག་དེ་ཡོངས་བསྒྲགས་བྱས་མེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།