ཚེས12ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡ་ལིས་ཁི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སིས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཐོ་རིམ་གྲོས་མོལ་གྱི་གྲུབ་འབྲས་ལ་དགའ་བསུ་ཞུ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཐད་ཀྱི་ཧ་ཅང་དགེ་མཚན་ལྡན་པའི་བརྡ་རྟགས་ཤིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པར་བཤད།
ཏིས་ཡ་ལིས་ཁི་ཡིས་ཉིན་དེར་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཐོ་རིམ་གྲོས་མོལ་ནི། མགོ་བརྩམས་པ་ཧ་ཅང་ཡག་པ་མངོན་གསལ་ཡིན་ཞིང་། དེ་ནི་འཛམ་གླིང་དཔལ་འབྱོར་ཐད་ཀྱི་ཧ་ཅང་དགེ་མཚན་ལྡན་པའི་བརྡ་རྟགས་ཤིག་རེད།ང་ཚོས་འཛམ་གླིང་ལ་ཚོང་དོན་དམག་འཁྲུག་རིམ་སྤོར་མི་དགོས་པར་གྲོས་མོལ་བྱེད་དགོས་ཞེས་ཐོག་མཐའ་བར་གསུམ་དུ་ནན་བཤད་བྱེད་ཀྱི་ཡོད། འཛམ་གླིང་སྟེང་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱིས་དགེ་མཚན་ལྡན་པའི་གཉིས་ཕན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ཚེ་མི་ཚང་མར་ཕན་ཐོགས་ཆེན་པོ་ཡོད་པར་བསྟན།
ཏིས་ཡ་ལིས་ཁི་ཡིས་ད་དུང་བཤད་རྒྱུར། ཀུའུ་ཐི་ལེ་སི་ཡིས་ཚོང་དོན་གནད་དོན་ཐད་ཀྱི་ལངས་ཕྱོགས་གསལ་པོར་བསྟན་པ་སྟེ།དཔལ་འབྱོར་གྱི་འབྲེལ་མཐུད་ཁ་ཐོར་ཟེར་བར་ངོ་རྒོལ་བྱེད་པ་དང་ཚོང་དོན་དམག་འཁྲུག་ཁྲོད་རྒྱལ་ཁ་ལེན་ཐུབ་མཁན་མེད་ཅེས་ནན་བཤད་བྱས་ཡོད།
ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཐོ་རིམ་གྲོས་མོལ་ཚེས10ཉིན་ནས་ཚེས11ཉིན་བར་སུའེ་ཙེར་རི་ནེ་ཝ་རུ་སྤེལ་མགོ་བྲཙམས་པ་དང་། ཕྱོགས་གཉིས་ཀྱིས་ལྷག་བསམ་ཟོལ་མེད་དང་གཏིང་ཟབ་པ། དགེ་མཚན་ལྡན་པའི་འབྲེལ་འདྲིས་བྱས་ནས། དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བ་། ཚེས12ཉིན་ཕྱོགས་གཉིས་ཀྱིས《ཀྲུང་གོ་དང་ཨ་རིའི་རི་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་མཉམ་འབྲེལ་གསལ་བསྒྲགས》ཁྱབ་བསྒྲགས་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།