ཚེས14ཉིན་གྱི་ཞོགས་པར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། ཉིན་དེར་དབྱི་སི་རལ་གྱི་མཁའ་དམག་གིས་ཡེ་མེན་ཧུའུ་སའེ་དྲག་ཆས་ཀྱིས་འཕངས་པའི་འཕུར་མདེལ་ཞིག་བཀག་འགོག་བྱས་ཡོད་ཅེས་བཤད་།
ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཡའེ་ལུའུ་ས་ལེམ་ནས་མཁའ་ཟོན་ཉེན་བརྡ་དང་འབར་གས་ཀྱི་སྒྲ་ཐོས། གསར་འགོད་པའི་ལག་ཁྱེར་ཁ་པར་དུ་སྒྲིག་སྦྱོར་བྱས་པའི་སྔོན་བརྡའི་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན། ཅོར་ཏན་གཙང་པོའི་ནུབ་འགྲམ་གྱི་ཡིའུ་ཐའེ་པའི་འདུས་སྡོད་ས་ཁུལ་སྐོར་ཞིག་ཏུ་ཡང་མཁའ་ཟོན་ཉེན་བརྡ་གྲག
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཟླ3པའི་ཚེས18ཉིན། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པ་ནས་བཟུང་། ཧུའུ་སའེ་དྲག་ཆས་ཀྱིས་དབྱི་སི་རལ་ལ་མདེལ་ལམ་འཕུར་མདེལ30ཙམ་འཕངས་པ་དང་མི་མེད་གནམ་གྲུ་བཅུ་ཕྲག་ཁ་ཤས་བཏང་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།