ཨེ་ཅིབ་ཀྱིས་སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་རྒྱལ་མཚམས་བརྒལ་བའི་གྲོན་དངུལ་ཇེ་དམའ་རུ་བཏང་ནས་སྐྱེལ་འདྲེན་བྱེད་ཚད་ཆེ་རུ་བཏང་།
2025.05.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཚེས13ཉིན། ཨེ་ཅིབ་ཀྱི་སུའུ་དབྱི་ཧྲི་མིས་བཟོས་གཙང་ལམ་དོ་དམ་ཅུའུ་ཡིས་གསལ་བསྒྲགས་སྤེལ་ནས། ཟླ5བའི་ཚེས15ཉིན་ནས་བཟུང་དངོས་སྐྱེལ་གྲུ་གཟིངས་ཆེ་བའི་རིགས་ལ15%གྱི་རྒྱལ་མཚམས་བརྒལ་བའི་གྲོན་དངུལ་གྱི་གཟིགས་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།  བྱེད་ཐབས་དེའི་དམིགས་ཡུལ་ནི་མཚོ་ཐོག་སྐྱེལ་འདྲེན་ཀུང་སིས་རྒྱ་མཚོའི་བདེ་འཇགས་གནས་བབ་ཇེ་ལེགས་སུ་འགྲོ་བའི་གནས་ཚུལ་འོག  སུའུ་དབྱི་ཧྲི་མིས་བཟོས་གཙང་ལམ་དུ་བསྐྱར་དུ་ལོག་རྒྱུར་སྐུལ་མ་གཏོང་བའི་ཆེད་དུ་རེད།

ཨེ་ཅིབ་སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་དོ་དམ་ཅུའུ་ཡི་ཀྲུའུ་ཞི་ཝུའུ་ས་མ·ལ་པིས་ཡའེ་ཡིས་གསལ་བསྒྲགས་ལས་བསྟན་དོན། གཟིགས་སྐྱོང་དེ་ཏུན་འབུམ་གཅིག་དང་ཁྲི་གསུམ་ཅན་དང་དེའི་ཡན་གྱི་དངོས་སྐྱེལ་གྲུ་གཟིངས་ལ་སྤྱོད་ཆོག་པ་དེའི་སྤྱོད་ཡུན་ཉིན90ཡིན།

ལ་པིས་ཡའེ་ཡིས་བཤད་རྒྱུར། མིས་བཟོས་གཙང་ལམ་དོ་དམ་ཅུའུ་ཡིས་སྔ་ཕྱི་བར་གསུམ་དུ་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ཀྱི་འགྱུར་ལྡོག་ལ་རྗེས་སྙེགས་བྱས་ནས། རྒྱལ་སྤྱིའི་མཚོ་དོན་ལས་རིགས་ཀྱི་འབྲེལ་ཡོད་ཕྱོགས་དང་འབྲེལ་གཏུག་བྱས་པ་བརྒྱུད་ནས། མིག་སྔའི་རྒྱ་མཚོ་དམར་པོའི་ས་ཁུལ་གྱི་འགྲན་སློང་ལ་ཁ་གཏད་གཅོག་བཞིན་ཡོད།

སུའུ་དབྱི་ཧྲི་མིས་བཟོས་གཙང་པོ་ཨེ་ཅིབ་ཀྱི་དཔལ་འབྱོར་དང་རྒྱལ་སྤྱིའི་ཚོང་དོན་ལ་གལ་འགངས་ཆེན་པོ་ལྡན། ས་ཁུལ་གྱི་ཛ་དྲག་ཆེ་བའི་གནས་བབ་ཀྱི་ཤུགས་རྐྱེན་ཐེབས་པས། སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི2024ལོའི་ཡོང་འབབ་དེ་ལོ་སྔོན་མ་ལས་ཨ་སྒོར་ཐེར་འབུམ་དྲུག་ལྷག་ཙམ་གྱིས་ཇེ་ཉུང་དུ་སོང་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།