ཀྲུང་གོ་དང་ཁོ་ལོམ་པི་ཡའི་ཉོ་ཚོང་གཞི་ཁྱོན་ལོ4ཡི་རིང་བསྟུད་མར་སྒོར་ཁྲག་ཁྲིག་གཅིག་དང་ཐེར་འབུམ་ཆེན་པོ་གཉིས་ལས་བརྒལ།
2025.05.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རང་རྒྱལ་དང་ཁོ་ལོམ་པི་ཡའི་བར་འབྲེལ་བ་བཙུགས་ནས་ལོ45འགོར་བའི་རིང་དུ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད།  ཚེས14ཉིན་འགག་སྒོའི་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཁོ་ལོམ་པི་ཡ་ནི་ལ་ཏིང་མེ་གླིང་ས་ཁུལ་གྱི་རང་རྒྱལ་གྱི་ཚོང་ལས་གྲོགས་པོ་ཆེ་གྲས་ལྔ་པ་ཡིན་པ་དང་། རང་རྒྱལ་གྱིས་ལོ་མང་པོའི་རིང་བསྟུད་མར་ཁོ་ལོམ་པི་ཡ་ཚོང་ལས་གྲོགས་པོ་གཙོ་བོ་གཉིས་པ་ཡིན་པའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། 2024ལོར་ཀྲུང་གོ་དང་ཁོ་ལོམ་པི་ཡ་བར་གྱི་ཉོ་ཚོང་གཞི་ཁྱོན་སྒོར་ཁྲག་ཁྲིག་གཅིག་དང་ཐེར་འབུམ་ཆེན་པོ་བཞི་ཐེར་འབུམ་དགུ་དང་དུང་ཕྱུར་དྲུག་བྱེ་བ་གསུམ་ལ་སླེབས་ནས། དུས་མཚུངས་ལས13.1%འཕར་བ་དང་།  བསྟུད་མར་ལོ4ལ་སྒོར་ཐེར་འབུམ་ཆེན་པོ་གཅིག་དང་ཐེར་འབུམ་གཉིས་ལས་བརྒལ་ཡོད།

ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཁོ་ལོམ་པི་ཡ་ཕྱོགས་གཉིས་ཀྱི་འབྲེལ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།  ད་ལོའི་ཟླ་སྔོན་མ་བཞིའི་ནང་དུ་རང་རྒྱལ་གྱིས་ཁོ་ལོམ་པི་ཡའི་ཕྱིར་གཏོང་ནང་འདྲེན་ཐད་ཀྱི་སྒོརམོ་ཐེར་འབུམ་ཆེན་པོ་བཞི་དང་ཐེར་འབུམ་བརྒྱད་དུང་ཕྱུར་གསུམ་བྱེ་བ་བཞི་ཟིན་པ་དེ་དུས་མཚུངས་ལས8.5%འཕར་ཡོད་པ་དང་།  གཞི་ཁྱོན་དེས་ལོ་རྒྱུས་སྟེང་དུས་མཉམ་གྱི་ཟིན་ཐོ་གསར་པ་བཏོད་པས། འཕར་ཚད་དེ་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་ཧྲིལ་པོའི་བརྒྱ་ཆའི་གྲངས་ཐིག6.1ལས་མཐོ།

ཞིང་ལས་ཐོན་རྫས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སོང་བ་དང་བསྟུན་ནས། ཁོ་ལོམ་པི་ཡའི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་དེ་ལས་མང་པོ་ཀྲུང་གོའི་ཁྲོམ་རར་ཞུགས་ནས།  ཀྲུང་གོ་དང་ཁོ་ལོམ་པི་ཡའི་ཉོ་ཚོང་གཞི་ཁྱོན་མྱུར་དུ་རྒྱ་ཆེར་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ད་ལྟ་ཁོ་ལོམ་པི་ཡ་ནི་རང་རྒྱལ་གྱིས་ཁ་ཧྥེ་དང་མེ་ཏོག་སོས་པ་སོགས་ནང་འདྲེན་བྱེད་པའི་འབྱུང་ཁུངས་གལ་ཆེན་གསུམ་པར་གྱུར་ཡོད།  ད་ལོའི་ཟླ་སྔོན་མ་བཞིའི་ནང་དུ། རང་རྒྱལ་གྱིས་ཁོ་ལོམ་པི་ཡ་ནས་ཁ་ཧྥེ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་གྱིས་ནང་འདྲེན་བྱས་པ་དེས་རང་རྒྱལ་གྱི་ཁ་ཧྥེ་ནང་འདྲེན་བྱས་པའི་རིན་ཐང་བསྡོམས་འབོར་གྱི14.2%ཟིན་ཡོད། དུས་མཚུངས་སུ་རང་རྒྱལ་གྱིས་ཁོ་ལོམ་པི་ཡ་ནས་མེ་ཏོག་སོས་པ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་དྲུག་བྱེ་བ་གཅིག་གིས་ནང་འདྲེན་བྱས་པ་དེ་དུས་མཉམ་ལས14.6%འཕར་ནས། རང་རྒྱལ་གྱིས་མེ་ཏོག་སོས་པ་ནང་འདྲེན་བྱས་པའི་རིན་ཐང་བསྡོམས་འབོར་གྱི10%ཟིན་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།