ཚེས13ཉིན། སོ་ཏི་ཨ་རབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། སོ་ཏི་ཨ་རབ་དང་ཨ་རིས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏི་རུ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཡིག་ཆ་དང་། དེ་མིན་རྒྱལ་སྲུང་དང་ནུས་རྒྱུ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པའི་ཕྱོགས་གཉིས་ཀྱི་གྲོས་མཐུན་དང་མཉམ་ལས་དྲན་ཐོ་ལ་མིང་རྟགས་བཀོད།
གནས་ཚུལ་སྤེལ་བ་ལྟར་ན། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དང་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བའི་མུའུ་ཧན་མོ་ཏི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ལ་ཐུག་འཕྲད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཡིག་ཆར་མཉམ་དུ་མིང་རྟགས་བཀོད། དེའི་རྗེས་སུ་མུའུ་ཧན་མོ་ཏི་དང་ཐི་ལིང་ཕུའུ་གཉིས་ཀྱིས་སོ་ཏི་ཨ་རབ་ཀྱི་དམག་དཔུང་དེང་རབས་ཅན་དང་ནུས་པའི་འཕེལ་ཕྱོགས་སྐོར་གྱི་སོ་ཏི་ཨ་རབ་དང་ཨ་རབ་ཕྱོགས་གཉིས་ཀྱི་འདོད་མོས་དྲན་ཐོ་དང་། ནུས་རྒྱུའི་མཉམ་ལས་བསམ་ཤེས་དྲན་ཐོ་ལ་མིང་རྟགས་བཀོད་པ་བདེན་དཔང་བྱས། དེ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱིས་ད་དུང་ཕྱོགས་གཉིས་ཀྱིས་གཏེར་རྫས་དང་། ཁྲིམས་འཛིན། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་ཁྱབ་བསྒྲགས་བྱས།
གཞན་ཡང་ཚེས13ཉིན། སོ་ཏི་ཨ་རབ་ཀྱི་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཡིག་ཆར་མིང་རྟགས་བཀོད་རྗེས། ཨ་རིའི་ཕོ་བྲང་དཀར་པོས་སོ་ཏི་ཨ་རབ་ཀྱིས་ཨ་རིར་ཨ་སྒོར་ཁྲག་ཁྲིག་དྲུག་གི་མ་དངུལ་གཏོང་བར་ཁས་ལེན་བྱས་པ་ཁྱབ་བསྒྲགས་བྱས། ཨ་རི་དང་སོ་ཏི་ཨ་རབ་ཀྱིས་རིན་ཐང་ཨ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བཞི་ཐེར་འབུམ་གཉིས་ཙམ་ཡོད་པའི་གོ་མཚོན་ཕྱིར་ཚོང་གི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་པ་རེད།
ཚེས13ཉིན་ཐི་ལིང་ཕུའུ་སོ་ཏི་ཨ་རབ་ཏུ་འབྱོར་ནས་མཚམས་འདྲི་བྱེད་མགོ་བརྩམས་པ་དང་། དེའི་རྗེས་སུ་ད་དུང་ཁ་ཐར་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་བྱེད་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།