ཚེས13ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་ལས་དོན་དོ་དམ་བྱེད་པའི་དཔོན་རིགས་ཀྱིས་དབྱི་སི་རལ་གྱིས་བཏོན་པའི་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་ཇུས་གཞི་གསར་པ་དེས་ས་ཁུལ་དེའི་གནས་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད། དེའི་དམིགས་ཡུལ་ནི་ཕྱི་ཕྱོགས་ཀྱི་དོ་སྣང་བྱེད་ཤུགས་ཁ་ཐོར་དུ་གཏོང་བའི་ཆེད་དུ་རེད་ཅེས་བཤད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་དྲུང་ཡིག་ཆེན་མོ་གཞོན་པའི་ཞོར་དུ་འཕྲལ་བསྟུན་རོགས་སྐྱོབ་མཐུན་སྦྱོར་པའི་འགན་གཅིག་ལྕོགས་སུ་ཁུར་མཁན། ཐང་མུའུ·ཧྥུའུ་ལའེ་ཁྲིག་གིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ངཤད་རྒྱུར། རོགས་སྐྱོར་དེའི་དམིགས་ཡུལ་ནི་མི་སེར་ཡིན་པ་ལས་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡི་ལག་ཏུ་འབྱོར་མི་རུང་བར་འགན་ལེན་བྱེད་དགོས་པར་བཤད། འོན་ཀྱང་དབྱི་སི་རལ་ཕྱོགས་ཀྱིས་རོགས་སྐྱོར་དེ་དང་ལེན་མ་བྱས་པར། ཅ་ཧྲའི་མི་གྲངས་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་དེ་མི་སེར་གྱི་ཚེ་སྲོག་གི་སྔོན་དུ་བཞག་ཡོད་ཟེར།
དབྱི་སི་རལ་གྱིས་བཏོན་པའི་རོགས་སྐྱོར་དངོས་ཟོག་འགྲེམས་པའི་རྣམ་པ་གསར་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་དབྱི་སི་རལ་གྱི་དཔོན་རིགས་དང་གྲོས་མོལ་ཐེངས་བཅུ་ལྷག་ཙམ་བྱས་ཀྱང་ཐག་གཅོད་ཇུས་གཞི་རྙེད་མེད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་རྣམ་པ་གསར་པའི་ཐོག་ནས། མ་མཐར་ཡང་རོགས་སྐྱོར་དངོས་ཟོག་མྱུར་དུ་རོགས་སྐྱོབ་བྱེད་དགོས་པའི་ཅ་ཧྲ་ས་ཁུལ་གྱི་མང་ཚོགས་ཀྱི་ལག་ཏུ་འབྱོར་ཐུབ་པར་འགན་ལེན་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
2023ལོའི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་སྐོར་ཐེངས་གསར་པའི་གདོང་ཐུག་བྱུང་བ་ནས་བཟུང་། ཅ་ཧྲ་ས་ཁུལ་གྱི་རོགས་སྐྱོར་ལས་དོན་ཚང་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས་ཀྱིས་སྤེལ་བ་རེད། གཟའ་འཁོར་སྔོན་མའི་ནང་དབྱི་སི་རལ་ཕྱོགས་ཀྱིས་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲའི་ལྷོ་རྒྱུད་དུ་དམག་དོན་འགུལ་སྐྱོད་རྒྱ་ཆེར་བཏང་ཚེ། སྒེར་གཉེར་ཀུང་ཟིས་ཅ་ཧྲའི་ལྷོ་རྒྱུད་དུ་རོགས་སྐྱོར་བྱེད་པའི་ལས་དོན་རྩིས་ལེན་བདག་སྤྲོད་བྱེད་ཆོག་པའི་གྲོས་གཞི་བཏོན་པ་རེད། ཇུས་གཞི་དེར་ཨ་རིའི་རྒྱབ་སྐྱོར་ཐོབ།
མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་དབྱི་སི་རལ་ཕྱོགས་ཀྱི་གྲོས་གཞི་དེར་ཁས་ལེན་མ་བྱས་པར། དབྱི་སི་རལ་ཕྱོགས་ཀྱིས་གནོན་ཤུགས་གཏོང་བའི་བྱ་ཐབས་སུ་བརྩིས་པའི་འགག་རྩའི་དངོས་ཟོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེ་དམག་དོན་འཐབ་ཇུས་ཀྱི་ཆ་ཤས་ཤིག་ཏུ་བརྩི་ཆེད་རེད་ཅེས་སྐྱོན་བརྗོད་བྱས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ད་དུང་རོགས་སྐྱོབ་དངོས་ཟོག་གང་འདྲ་ཞིག་བགོས་ཀྱང་། ངེས་པར་དུ་མི་ཆོས་རིང་ལུགས་ཀྱི་རྩ་དོན་དང་མཐུན་པ་དང་། རང་ཚུགས་དང་དྲང་གཞག བར་གནས་བཅས་བྱེད་དགོས་ཞེས་ནན་བཤད་བྱས།
ཧྥུའུ་ལའེ་ཁྲིག་གིས་དབྱི་སི་རལ་གྱིས་མི་སེར་གསོད་པ་དང་གནོད་འཚེ་གཏོང་མཚམས་བཞག་ནས། མི་ཆོས་རིང་ལུགས་ཀྱི་བཀག་སྡོམ་མེད་པར་བཟོ་བའི་འབོད་སྐུལ་བཏང་། ཁོས་དུས་མཚུངས་སུ་ཧ་མ་སི་དང་དྲག་ཆས་རྩ་འཛུགས་གཞན་དག་གིས་དབྱི་སི་རལ་ཕྱོགས་ཀྱི་བཀག་ཉར་བྱས་པའི་མི་སྣ་གློད་གྲོལ་གཏོང་རྒྱུར་སྐུལ་མ་བཏང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།