ཕུའུ་ཅིན་གྱིས་ཨུ་རུ་སུ་ཕྱོགས་དང་ཝུའུ་ཁི་ལན་བར་གྱི་གྲོས་མོལ་འཐུས་མིའི་མིང་ཐོར་ཆོག་མཆན་བཀོད།
2025.05.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

ཚེས14ཉིན། ཨུ་རུ་སུའི་ཁི་ལེ་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སུ་ཕྱོགས་དང་ཝུའུ་ཁི་ལན་བར་གྱི་གྲོས་མོལ་འཐུས་མི་ཚོགས་པའི་མི་སྣ་གྲུབ་པའི་སྐོར་གྱི་བཀའ་ལ་མིང་རྟགས་བཀོད་པ་དང་། ཨུ་རུ་སུའི་སྲིད་འཛིན་གྱི་ལས་རོགས་པ་མེ་ཅིན་སི་ཅི་ཡིས་འཐུས་མི་ཚོགས་པའི་ཚོགས་གཙོའི་འགན་འཁུར་རྒྱུ་ཡིན་ཞེས་འཁོད་ཡོད།

གནས་ཚུལ་ལས་བཤད་རྒྱུར།  འཐུས་མི་ཚོགས་པའི་ཁོངས་མིའི་ནང་ད་དུང་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཅ་ལུའུ་ཅིན་དང་། ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་སྤྱི་ཁྱབ་ཚན་མོའུ་པུའུ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཁོའོ་སི་ཆིའུ་ཁོ་ཕུ། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཕུའུ་མིང་བཅས་ཡོད།

གཞན་ཡང་ཕུའུ་ཅིན་གྱིས་ད་དུང་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་བར་གྲོས་མོལ་བྱེད་པའི་ཆེད་མཁས་པའི་མིང་ཐོའི་ནང་དུ། ཨུ་རུ་སུའི་ཕྱི་འབྲེལ་པུའུ་རང་བཙན་ལས་དོན་སི་གཉིས་པའི་སི་ཀྲང་པོ་ལིས་ཞིའུ་ཁི་དང་། ཨུ་རུ་སུའི་རྒྱལ་སྲུང་པུའུ་རྒྱལ་སྤྱིའི་དམག་དོན་མཉམ་ལས་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧྲི་ཧྥུའུ་ཙུའོ་ཧྥུའུ་སོགས་མི4ལ་ཆོག་མཆན་བཀོད་ཡོད།

ཚེས11ཉིན་ཕུའུ་ཅིན་གྱིས་སྨྱན་བྱད་ལས་གསལ་བསྒྲགས་སྤེལ་ནས།  ཚེས15ཉིན་ཨུ་རུ་སུ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཐུར་ཁེའི་དབྱི་སི་ཐན་པུར་དུ་ཆ་རྐྱེན་མེད་པའི་སྒོ་ནས་ཐད་ཀར་དུ་ཡང་བསྐྱར་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན།  ཕུའུ་ཅིན་གྱིས་ད་དུང་གྲོས་མོལ་བྱེད་པའི་རིང་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་གསར་པ་ཁག་ཅིག་གི་ཐད་ངོས་འཛིན་གཅིག་མཐུན་འབྱུང་སྲིདིཔར་བསྟན། དེའི་ཐད་ཚེས11ཉིན་གྱི་དགོང་མོར་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས12ཉིན་ནས་བཟུང་། ཁྱོན་ཡོངས་དང་ཡུན་རིང་པོར་དམག་འཁྲུག་མཚམས་འཇོག་པར་རེ་སྒུག་བྱེད་ཀྱི་ཡོད་པ་དེས་ཕྱི་འབྲེལ་བྱ་འགུལ་ལ་དགོས་ངེས་ཀྱི་རྨང་གཞི་འདོན་སྤྲོད་བྱེད་ཐུབ་རྒྱུ་རེད་ཅེས་བཤད།  ཚེས15ཉིན་ཁོས་ཐུར་ཁེ་རུ་ཕུའུ་ཅིན་ལ་སྒུག་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།།