ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་འགོད་པར་རེ་བ་ཆེན་པོ་ཡོད་པའི་ཚུལ་བསྟན།
2025.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁཱ་ཐར་འཕྲིན་གཏོང་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། ཁཱ་ཐར་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཉིན་དེར་ཏའོ་ཧཱ་ནས་ཚོང་དོན་ལས་རིགས་ཀྱི་མགོ་གཙོའི་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་འགོད་ཐུབ་པར་རེ་བ་ཆེན་པོ་ཡོད་ཟེར།

གཞན་ཡང་ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ནན་གྱིས་བསྟན་དོན། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་མཚོན་ཆ་བདག་གིར་འཛིན་མི་རུང་ཟེར།

དབྱི་ལིང་དང་ཨ་མེ་རི་ཁས་ཟླ4བའི་ཚེས12ཉིན་མཱ་སི་ཁཱ་ཐི་ནས་བརྒྱུད་པའི་གྲོས་མོལ་ཐོག་མ་སྤེལ་བ་དང་། དེ་ནི2018ལོའི་ཟླ5བར་ཨ་མེ་རི་ཁ་ཕྱོགས་གཅིག་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པའི་ཚུན་ལ་ཕྱོགས་གཉིས་ཀྱིས་ཐོག་དང་པོར་དངོས་གཞིའི་གྲོས་མོལ་སྤེལ་བ་རེད། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་སོ་སོར་ཟླ4བའི་ཚེས19ཉིན་དང་ཟླ4བའི་ཚེས26ཉིན། ཟླ5བའི་ཚེས11ཉིན་བཅས་ལ་བརྒྱུད་པའི་གྲོས་མོལ་ཐེངས་གསུམ་སྤེལ་བ་རེད།

དབྱི་ལིང་དཔོན་ཕྱོགས་ཀྱིས་གནས་སྐབས་སུ་ཐི་ལིང་ཕུའུ་ཡི་གོང་གི་བཤད་ཚུལ་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།