ཡོ་རོབ་གླིང་བསྐྱར་དར་གསར་སྤེལ་དངུལ་ཁང་གི་ལོ་ཚོགས་ནས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་གནད་སར་བཟུང་ཡོད།
2025.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་བསྐྱར་དར་གསར་སྤེལ་དངུལ་ཁང་གི2025ལོའི་ལོ་ཚོགས་དང་ཚོང་ལས་གླེང་སྟེགས་དེ་ཚེས13ཉིན་ནས་ཚེས15ཉིན་བར་དབྱིན་ཇིའི་ལོན་ཏོན་ནས་བསྡུས། གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཞིག་ནི་ཝུའུ་ཁི་ལན་གྱི་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན་པ་དང་། དེར་འབྲེལ་བ་ཡོད་པའི་དངུལ་གསོག་ལས་གཞི་དང་རོགས་སྐྱོར་བྱེད་ཐབས་མང་བོ་ཁྱབ་བསྒྲགས་བྱས།

ཡོ་རོབ་གླིང་བསྐྱར་དར་གསར་སྤེལ་དངུལ་ཁང་གིས་གྲོས་ཚོགས་སྐབས་སུ་ཁྱབ་བསྒྲགས་བྱས་དོན། སྤྱིའི་འབོར་གྲངས་ཡོ་སྒོར་བྱེ་བ་དྲུག་ཡིན་པའི་ཉེན་ཁའི་ཁག་ཁུར་དངུལ་གསོག་བཏོན་ནས། ཝུའུ་ཁི་ལན་གྱི་ཁེ་ལས་དང་ཁྱིམ་ཚང་གིས་ནུས་ཁུངས་བདེ་འཇགས་ཆུ་ཚད་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། དངུལ་ཁང་དེས་ད་རུང་ཝུའུ་ཁི་ལན་ནུབ་ཕྱོགས་ཀྱི་ལེ་ཨོ་ཧྥུའུ་གྲོང་ཁྱེར་ལ་ཡོ་སྒོར་བྱེ་བ་གཅིག་གི་བྲེལ་མྱུར་དངུལ་བུན་འདོན་སྤྲོད་བྱས་ཏེ། འགྲིམ་འགྲུལ་དང་ཆུ་འདོན། གད་སྙིགས་ཐག་གཅོད་སོགས་གཞི་རྩའི་སྤྱི་བའི་ཞབས་ཞུ་དེ་འཐབ་འཁྲུག་གི་སྐབས་སུ་རྒྱུན་ལྡན་ངང་འཁོར་བསྐྱོད་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། དེ་ལས་གཞན་ཡོ་རོབ་གླིང་བསྐྱར་དར་གསར་སྤེལ་དངུལ་ཁང་གིས་ད་རུང་ལེ་ཨོ་ཧྥུའུ་ཡི་དམག་དཔུང་ལས་ཕྱིར་བུད་པའི་མི་སྣའི་ཞབས་ཞུའི་ལྟེ་གནས་ལ་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

ཝུའུ་ཁི་ལན་གྱི་གྲོས་གཞི་ལས་གཞན་གྲོས་ཚོགས་ནས་ད་རུང་ལྷད་མེད་ནུས་ཁུངས་ཚུལ་བསྒྱུར་དང་། གཞི་གྲངས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན། ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་དངུལ་གཏོང་རྒྱ་བསྐྱེད་པ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས།

ཡོ་རོབ་གླིང་བསྐྱར་དར་གསར་སྤེལ་དངུལ་ཁང་གི་གཞི་གྲངས་ལས་མངོན་པ་ལྟར་ན། 2022ལོར་ཝུའུ་ཁི་ལན་གྱི་ཉམས་ཉེན་བྱུང་བའི་ཚུན་ལ། དངུལ་ཁང་དེས་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་བདུན་ལྷག་གི་དངུལ་གསོག་འདོན་སྤྲོད་བྱས་པ་དང་། ནུས་ཁུངས་བདེ་འཇགས་དང་རྨང་གཞིའི་སྒྲིག་ཆས། ཉོ་ཚོང་། སྒེར་གཉེར་དཔལ་འབྱོར་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད། རྒྱུན་མཐུད་ངང་ཝུའུ་ཁི་ལན་གྱི་དངུལ་གསོག་དགོས་མཁོར་རྒྱབ་སྐྱོར་བྱེད་ཆེད། དངུལ་ཁང་དེས་ད་རུང་མུ་མཐུད་དུ་ཡོ་སྒོར་ཐེར་འབུམ་བཞི་ཁ་སྣོན་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།