ལི་པུ་ཡཱའི་མི་རིགས་གཅིག་གྱུར་སྲིད་གཞུང་གིས་ཚེས15ཉིན་བསྟན་དོན། ཉིན་གཉིས་ལ་རྒྱུན་བསྲིངས་པའི་དགྲར་འཛིན་ཕྱོགས་ཁག་བར་གྱི་དྲག་ཤུགས་འཁྲུག་རྩོད་ལས་ཉུང་མཐར་ཡང་མི6རྐྱེན་ལམ་དུ་ཤོར་བ་དང་། རྒྱལ་ས་ཏི་ལེ་པའོ་ལིའི་བདེ་འཇགས་གནས་བབ་སླར་གསོ་བྱུང་ཡོད་ཟེར།
ལི་པུ་ཡཱའི་མི་རིགས་གཅིག་གྱུར་སྲིད་གཞུང་གི་ནང་སྲིད་པུའུ་ཡིས་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། ཏི་ལེ་པའོ་ལིའི་བདེ་འཇགས་གནས་བབ་གཏན་འཇགས་ཡིན་པ་དང་། བདེ་འཇགས་སྡེ་ཁག་གིས་ཕན་ནུས་ལྡན་པའི་སྒོ་ནས་འགན་འཁྲི་ལག་བསྟར་བྱས་ཏེ་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ཉེན་རྟོག་ཅུའུ་སོ་སོས་དུས་ཚོད་ཉེར་བཞིའི་རིང་བྱ་བ་བྱེད་བཞིན་ཡོད་ལ། ཞུ་གཏུག་སྣ་ཚོགས་དང་ལེན་བྱེད་བཞིན་ཡོད་ཟེར། ནང་སྲིད་པུའུ་ཡིས་གཞུང་ཞབས་མི་སྣ་དང་སྡོད་དམངས་དག་གི་རྒྱུན་ལྡན་འཚོ་བ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།
ལི་པུ་ཡཱའི་སྨྱན་བྱད་ཀྱིས་ཚེས12ཉིན་བསྒྲགས་པ་ལྟར་ན། ལི་པུ་ཡཱའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་གཏན་འཇགས་དམག་དཔུང་གི་འགན་ཁུར་བ་ཉིན་དེར་ཏི་ལེ་པའོ་ལིའི་དམག་སྒར་ཞིག་ནས་བསད་པ་དང་། དྲག་ཆས་རྩ་འཛུགས་རེ་འགའི་བར་དེའི་དབང་གིས་ཉིན་དེའི་དགོང་མོར་འཁྲུག་རྩོད་བྱུང་ཡོད་ཟེར། སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པ་དང་། གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།
2011ལོར་ཁཱ་ཀྲ་ཧྥེ་སྲིད་དབ་རྩ་རྫོགས་བྱས་རྗེས་ལི་པུ་ཡཱ་ཟང་ཟིང་གི་གནས་སུ་ལྷུང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་པའི་མི་རིགས་གཅིག་གྱུར་སྲིད་གཞུང་དང་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་སྟོབས་ཤུགས་ཀྱིས་ནུབ་ངོས་ཀྱི་ས་ཁུལ་རེ་འགའ་བདག་བཟུང་བྱས་ཡོད་ལ། རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་དམངས་དམག་དཔུང་བར་མནའ་མཐུན་འབྲེལ་བ་བཙུགས་ནས་ལི་པུ་ཡཱའི་ས་ཁོངས་མང་ཆེ་བར་ཚོད་འཛིན་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ས་གནས་བཅད་བཟུང་བྱས་ཏེ་ཕན་ཚུན་དགྲ་རུ་ལངས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།