ཙེ་ལིན་སི་ཅི་ཡིས་དབྱི་སི་ཐན་པོར་ནས་བསྡུ་རྒྱུ་ཡིན་པའི་ཝུའུ་ཁི་ལན་དང་ཨུ་རུ་སིའི་གྲོས་མོལ་ལ་ཞུགས་མི་སྲིད་པའི་ཚུལ་བསྟན།
2025.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས15ཉིན་ཐུར་ཁེ་རུ་སྡོད་པའི་ཝུའུ་ཁི་ལན་གྱི་གཞུང་ཚབ་ཁང་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་རང་ཉིད་དབྱི་སི་ཐན་པོར་ནས་བསྡུ་རྒྱུ་ཡིན་པའི་ཝུའུ་ཁི་ལན་དང་ཨུ་རུ་སིའི་གྲོས་མོལ་ལ་ཞུགས་མི་སྲིད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་མཐོ་རིམ་འཐུས་ཚབ་ཚོགས་པ་མངག་ནས་གྲོས་མོལ་དེར་ཞུགས་རྒྱུ་ཡིན་ཟེར།

ཙེ་ལིན་སི་ཅི་ཚེས15ཉིན་གྱི་ཉིན་གུང་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་རུ་འབྱོར་བ་དང་། དེའི་རྗེས་སུ་ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་དང་མཉམ་དུ་ཐུར་ཁེའི་སྲིད་འཛིན་བཞུགས་ཤག་ནས་དུས་ཚོད་འགའི་རིང་གསང་བའི་གྲོས་མོལ་བྱས། དེའི་རྗེས་སུ་ཙེ་ལིན་སི་ཅི་ཡིས་ཐུར་ཁེ་རུ་སྡོད་པའི་ཝུའུ་ཁི་ལན་གྱི་གཞུང་ཚབ་ཁང་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད།

ཁོས་བཤད་རྒྱུར། ཝུའུ་ཁི་ལན་གྱི་འཐུབ་ཚབ་ཚོགས་པར་རྒྱལ་སྲུང་པུའུ་ཀྲང་ཝུའུ་མཱེ་ལོ་ཧྥུའུ་ཡིས་སྣེ་ཁྲིད་བྱེད་རྒྱུ་ཡིན་པ་དང་། འཐུས་ཚབ་ཚོགས་པར་དམག་ཕྱོགས་དང་གསང་འཕྲིན་སྡེ་ཁག་གི་འཐུས་མི་འཐུས་ཡོད་ལ། གྲོས་མོལ་གྱི་དུས་ཚོད་དེ་ཚེས15དང་ཚེས16གང་ཡིན་གསལ་བོར་མི་ཤེས་ཟེར།

ཨུ་རུ་སིའི་སྲིད་འཛིན་ལས་རོགས་པ། ཨུ་རུ་སིའི་ཕྱོགས་ཀྱི་གྲོས་མོལ་འཐུས་ཚབ་ཚོགས་པའི་ཚོགས་གཙོ་མཱེ་ཅིན་སི་ཅི་ཡིས་ཚེས15ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་འཐུས་ཚབ་ཚོགས་པར་གྲོས་མོལ་གྱི་དགོས་ངེས་ནུས་པ་དང་འགན་དབང་ལྡན་ཡོད་ལ། འཛུགས་སྐྲུན་རང་བཞིན་ལྡན་པའི་བྱེད་ཐབས་ཀྱིས་འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་དང་མཐུན་གནས་འཚོལ་ཞིབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཝུའུ་ཁི་ལན་བར་ཐད་ཀར་གྲོས་མོལ་བྱེད་པའི་དམིགས་ཡུལ་ནི་ཡུན་རིང་ཞི་བདེ་ཡོང་བ་དང་འཁྲུག་རྩོད་ཀྱི་འབྱུང་རྩ་མེད་པར་གཏོང་བའི་ཆེད་དུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།