སེ་ནེ་ཀལ་གྱི་སྲིད་འཛིན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
2025.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སེ་ནེ་ཀལ་གྱི་སྲིད་འཛིན་ཧྥ་ཡེ་ཡིས་ཚེས15ཉིན་རྒྱལ་ས་ཏཱ་ཁཱ་ཨར་ནས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། སེ་ནེ་ཀལ་གྱིས་ཀྲུང་གོ་རྒྱལ་ཁབ་དེ་འཐབ་ཇུས་མཉམ་ལས་གྲོགས་པོ་ཆེས་བཟང་བོར་བརྩིས་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧྥ་ཡེ་ཡིས་སེ་ནེ་ཀལ་གྱི་སྲིད་འཛིན་བཞུགས་ཤག་ནས་སེ་ནེ་ཀལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ལིས་ཀྲི་ཀང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།

ལིས་ཀྲི་ཀང་གིས་བསྟན་དོན། ན་ནིང་ཟླ9བར། ཀྲུང་གོ་དང་སེ་ནེ་ཀལ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་མཉམ་དུ་མགོ་འཛིན་བྱས་པ་དང་། ཀྲུང་གོ་དང་སེ་ནེ་ཀལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བའི་འཕེལ་རྒྱས་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད། ཀྲུང་གོ་ཕྱོགས་ཀྱིས་དེ་མཛུབ་ཁྲིད་དུ་བྱས་ནས། ཀྲུང་གོ་དང་སེ་ནེ་ཀལ་གྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ལིས་ཀྲི་ཀང་ཟླ4བའི་ཚེས25ཉིན་ཏཱ་ཁཱ་ཨར་དུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།