དབྱི་རག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཕཱ་ལེ་སི་ཐན་གནད་དོན་དེ་སྔར་བཞིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་རྩེ་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཡིན་པའི་ཚུལ་བསྟན།
2025.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧི་སེ་ཡུན་གྱིས་ཚེས15ཉིན་བསྟན་དོན། ཕཱ་ལེ་སི་ཐན་གྱི་གནད་དོན་དེ་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་སྐབས་སོ་བཞི་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཡིན་ཟེར།

སྐབས་སོ་བཞི་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་རྩེ་ཚོགས་དེ་ཚེས17ཉིན་དབྱི་རག་གི་རྒྱལ་ས་པཱ་ཀཱ་ཏཱ་ནས་འཚོགས་རྒྱུ་ཡིན་པ་དང་། དབྱི་རག་གི་ཕྱི་འབྲེལ་པུའུ་ཡིས་ཚེས15ཉིན་གསལ་སྒྲོག་སྤེལ་ཏེ། ཧི་སེ་ཡུན་གྱིས་ཉིན་དེར་པཱ་ཀི་ཏཱ་ནས་བསྡུས་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་རྩེ་ཚོགས་ཀྱི་པུའུ་ཀྲང་རིམ་པའི་གྲ་སྒྲིག་ཚོགས་འདུའི་སྟེང་བཤད་རྒྱུར། སྐབས་འདིའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་རྩེ་ཚོགས་དེ་ཨ་རབ་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གི་ཆེས་གནད་འགག་གི་དུས་སྐབས་སུ་གནས་ཡོད་པ་དང་། མིག་སྔའི་གནས་བབ་ལས་ཨ་རབ་རྒྱལ་ཁབ་དག་གིས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ལངས་ཕྱོགས་གཅིག་གྱུར་བྱས་ནས་ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཧི་སེ་ཡུན་གྱིས་ནན་གྱིས་བསྟན་དོན། དབྱི་རག་གིས་ཕཱ་ལེ་སི་ཐན་མི་དམངས་ཀྱིས་རང་གི་ས་ཁོངས་བཅིངས་འགྲོལ་བྱེད་པ་དང་། ཡེ་ལུའུ་སཱ་ལེམ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པའི་ལུགས་མཐུན་ཁེ་དབང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ངེས་པར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་ཕཱ་ལེ་སི་ཐན་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་འགོད་དགོས་པར་མ་ཟད། རྒྱལ་སྤྱིའི་རྒུད་སྐྱོབ་རྩ་འཛུགས་ཀྱི་བྱ་བ་སླར་གསོ་བྱེད་དགོས་པའི་བསྐྱར་སྒྲོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཧི་སེ་ཡུན་གྱིས་ད་རུང་སི་རི་ཡཱ་དང་སུའུ་ཏན། ཡེ་མིན། སོ་མཱ་ལི་བཅས་ཀྱི་གནས་བབ་ཐད་ནས་ལྟ་ཚུལ་བཤད་པར་མ་ཟད། ཨ་རབ་ཀྱི་མཐོ་རིམ་པུའུ་ཀྲང་རིམ་པའི་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ། ཨ་རབ་རྒྱལ་ཁབ་བར་གྱི་འགལ་བ་མེད་པར་གཏོང་བ་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་བྱེད་དགོས་པའི་གྲོས་གཞི་བཏོན། ཁོས་ནན་གྱིས་བསྟན་དོན། གྲོས་མོལ་ནི་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།