མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལས་ཚེས16ཉིན་སྤེལ་བའི2025ལོའི་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཉམས་ཉེན་སྙན་ཞུ་ལས་མངོན་པ་ལྟར་ན། 2024ལོར་འཛམ་གླིང་ཡོངས་སུ་འབྲུ་རིགས་བདེ་འཇགས་མིན་པའི་མི་གྲངས་དང་འཚོ་བཅུད་མི་བཟང་བའི་བྱིས་པའི་མི་གྲངས་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་ལྔ་ལས་བརྒལ་བ་དང་། 2023ལོ་ལས་མི་བྱེ་བ་གཅིག་དང་ས་ཡ་བཞི་ཙམ་ཇེ་མང་དུ་སོང་ཡོད། གནོད་འཚེ་རང་བཞིན་གྱི་ལྟོགས་སྡུག་མྱོང་བའི་མི་གྲངས་ལོ་རྒྱུས་ཀྱི་ཆེས་མཐོའི་ཟིན་ཐོ་བསྐྲུན་ཡོད།
སྙན་ཞུ་ལྟར་ན། འཛམ་གླིང་ཡོངས་སུ་གནོད་འཚེ་རང་བཞིན་གྱི་ལྟོགས་སྡུག་མྱོང་བའི་མི་གྲངས་ས་ཡ་གཅིག་དང་འབུམ་དགུ་ཇེ་མང་དུ་སོང་བ་དང་། ལོ་རྒྱུས་ཀྱི་ཆེས་མཐོའི་ཆུ་ཚད་དུ་བསླེབས་ཡོད། དེའི་ནང་སུའུ་ཏན་ནས་ལྟོགས་སྡུག་བྱུང་ཡོད་པ་ཁས་ལེན་བྱས་ཡོད་ལ། ཅཱ་ཧྲ་ས་ཁུལ་དང་སུའུ་ཏན་ལྷོ་མ། ཧེ་ཐི། མཱ་ལི་སོགས་སུའང་མི་མང་བོས་ལྟོགས་སྡུག་མྱོང་བཞིན་ཡོད།
དེ་ལས་གཞན2024ལོར་ལོ་ལྔའི་མན་གྱི་འཚོ་བཅུད་མི་འདང་བའི་བྱིས་པ་བྱེ་བ་གསུམ་དང་ས་ཡ་བརྒྱད་ལས་བརྒལ་ཡོད་པ་དང་། གཙོ་བོ་ཅཱ་ཧྲ་དང་མཱ་ལི། སུའུ་ཏན། ཡེ་མིན་སོགས་འཚོ་བཅུད་ཀྱི་ཉམས་ཉེན་ཡོད་སའི་ས་ཁུལ་དང་རྒྱལ་ཁབ26ལ་འདུས་ཡོད།
སྙན་ཞུ་ལས་མངོན་པ་ལྟར་ན། ས་ཁུལ་གྱི་འཁྲུག་རྩོད་དང་དཔལ་འབྱོར་འགལ་བ། ཐལ་དྲགས་པའི་ནམ་ཟླ། རང་ཁྱིམ་དང་མི་འབྲལ་ཐབས་མེད་བྱུང་བ་བཅས་ནི་འབྲུ་རིགས་བདེ་འཇགས་མིན་པ་དང་འཚོ་བཅུད་མི་འདང་བའི་རྒྱུ་རྐྱེན་གཙོ་བོ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། སྙན་ཞུ་དེ་ལས་འཛམ་གླིང་གི་འཕེལ་རྒྱས་ཁ་ཕྱོགས་དེ་ཡང་དག་པའི་རྒྱུ་ལམ་ལས་གཡོལ་ཡོད་པ་ཡང་བསྐྱར་མངོན་ཡོད་ཟེར། ཁོས་འཛམ་གླིང་ཡོངས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མ་དངུལ་མྱུར་མོར་ཇེ་ཉུང་དུ་བཏང་ཡོད་ལ། མ་ལག་གི་ཕམ་ཉེས་ཡིན་པར་མ་ཟད་མི་གཤིས་ཀྱི་ཕམ་ཉེས་ཤིག་ཀྱང་རེད། དུས་རབས་ཉེར་གཅིག་པར་བྱུང་བའི་ལྟོགས་སྡུག་ནི་ཁ་གཡོར་ས་ཅི་ཡང་མེད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཆུས་ཏུང་ཡུས་ཀྱིས་ནན་གྱིས་བསྟན་དོན། འབྲུ་རིགས་བདེ་འཇགས་མིན་པའི་གནས་ཚུལ་ཚབས་ཆེན་དེ་ཞིང་སྡེ་སྡོད་དམངས་དུང་ཕྱུར་མང་བོའི་རྒྱུན་རྣམ་ཡིན་པ་དང་། ངེས་པར་དུ་ཞིང་ལས་བྲེལ་མྱུར་ཐེ་གཏོགས་དངུལ་གཏོང་ལ་ཤུགས་སྣོན་བྱས་ཏེ་མ་རྩའི་ཕན་ནུས་ལྡན་པའི་ཡུན་རིང་གི་ཤུགས་རྐྱེན་མངོན་འགྱུར་བྱེད་དགོས་ཟེར།
སྙན་ཞུ་ལས་འབྲུ་རིགས་ཉམས་ཉེན་ཇེ་སྡུག་ཏུ་འགྲོ་བའི་སྣང་ཚུལ་ལེགས་བཅོས་བྱེད་ན་འཛམ་གླིང་ཡོངས་ཀྱི་རྐྱེན་སྲོལ་ཡང་བསྐྱར་བཀོད་སྒྲིག་བྱེད་དགོས་པ་དང་། ཕན་འབྲས་སྙིང་བོར་བྱས་པའི་འགུལ་སྐྱོད་གཙོར་བཟུང་ནས་ཤུགས་རྐྱེན་ཐེབས་པའི་སྡེ་ཁུལ་གྱི་བབ་བསྟུན་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པའི་འབོད་སྐུལ་བཏང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལས་གཞན་ས་ཁུལ་རང་གི་ཞིང་ལས་མ་ལག་དང་འཚོ་བཅུད་ཞབས་ཞུའི་དངུལ་གཏོང་ལ་ཤུགས་སྣོན་བྱེད་དགོས་ཟེར།
འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཉམས་ཉེན་སྙན་ཞུ་དེ་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཉམས་ཉེན་ཐག་གཅོད་བྱེད་པའི་དྲ་རྒྱས་སྤེལ་བ་དང་། དྲ་རྒྱ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚོགས་པ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་སོགས་ཀྱིས་རྩ་འཛུགས་བྱས་པའི་མཉམ་ལས་སྟེགས་བུ་ཞིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཉམས་ཉེན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།