དབྱི་རག་གི་སྲིད་འཛིན་ལཱ་ཞེ་ཏི་ཡིས་ཚེས16ཉིན་བསྐྱར་སྒྲོག་བྱས་དོན། དབྱི་རག་གིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་དྲང་བདེན་གྱི་ལས་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཨ་རབ་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་མུ་མཐུད་དུ་བཙན་འཛུལ་བྱེད་པར་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།
དབྱི་རག་གི་སྲིད་འཛིན་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ལཱ་ཞེ་ཏི་ཡིས་ཉིན་དེར་པཱ་ཀ་ཏཱ་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་སྲིད་འཛིན་ཨ་པཱ་སི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབྱི་རག་གིས་ཤུགས་ཆེན་པོས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་བྱེད་པ་དང་། ཁྱད་པར་དུ་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པའི་བདག་དབང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། མིག་སྔར་ཅཱ་ཧྲ་ས་ཁུལ་དུ་མུ་མཐུད་ནས་བཙན་འཛུལ་བྱེད་བཞིན་ཡོད་ལ། དེ་ལས་ཨ་རབ་རྒྱལ་ཁབ་དག་གིས་གཅིག་གྱུར་དང་བརྟན་བརླིང་གི་ལངས་ཕྱོགས་བཟུང་སྟེ། ཕཱ་ལེ་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་བཏོན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨ་པཱ་སི་ཡིས་དབྱི་རག་གི་ཕཱ་ལེ་སི་ཐན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། དབྱི་རག་གིས་སྐབས་སོ་བཞི་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་གོ་སྒྲུབ་བྱས་པར་གཟེངས་བསྟོད་བྱས། ཁོས་བསྟན་དོན། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལས་ཨ་རབ་རྒྱལ་ཁབ་དག་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕཱ་ལེ་སི་ཐན་མི་དམངས་ཀྱི་འབོད་སྒྲ་སྒྲོག་པའི་སྟེགས་བུ་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད་ཟེར།
ཉིན་དེར་དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཀྱང་ཨ་པཱ་སི་ལ་ཐུག་འཕྲད་བྱས། དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་ཨ་རབ་རྒྱལ་ཁབ་དང་ས་ཁུལ་གྱི་གནས་བབ། མདུན་དུ་ལྷགས་པའི་འགྲན་རྩོད་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། མྱུར་མོར་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལ་མཇུག་སྒྲིལ་དུ་འཇུག་དགོས་པ་ནན་བཤད་བྱས། སུའུ་ཏཱ་ནེ་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགུལ་སྐྱོད་འོས་འཚམ་མིན་ཚེ་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པས། ཐེངས་འདིའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ནས་བཙན་འཛུལ་བྱ་སྤྱོད་ལ་བཀག་འགོག་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་ཐུབ་པར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།