དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་སྐོར་ཐེངས་གསར་བའི་དཔུང་འཇུག་བྱེད་མགོ་བརྩམས་ཡོད་པའི་ཚུལ་བསྟན།
2025.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས16ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད24རིང་ལ་ཅཱ་ཧྲའི་ས་ཁུལ་མང་བོར་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱེད་མགོ་བརྩམས་པ་དང་། ས་ངོས་དམག་དཔུང་མངག་གཏོང་བྱས་ནས་གནད་འགག་འཐབ་ཁུལ་གྱི་ཚོད་འཛིན་མངོན་འགྱུར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དཔུང་འཇུག་གསར་བའི་དམིགས་ཡུལ་ནི་འཐབ་འཁྲུག་གི་དམིགས་འབེན་ཚང་མ་མངོན་འགྱུར་བྱེད་པ་སྟེ། བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་བ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཕམ་ཉེས་སུ་གཏོང་བ་སོགས་འདུས།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་དབྱི་སི་རལ་གྱི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། ཐེངས་འདིའི་འགུལ་སྐྱོད་ཀྱི་དམིགས་འབེན་གཙོ་བོ་ནི་ཅཱ་ཧྲ་ས་ཁུལ་དུ་ཕྱོགས་ཡོངས་ནས་དམག་དོན་ཚོད་འཛིན་བྱེད་པ་དང་ས་ཁུལ་དེའི་རྒྱུན་མཐུད་བཙན་བཟུང་སོར་འཇོག་བྱས་ཏེ། ཕཱ་ལེ་སི་ཐན་མི་སེར་དཀྱུས་མ་དག་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་སྤོར་བ་དང་། ཕྱོགས་ཡོངས་ནས་ཧཱ་མཱ་སིར་ཆམ་ཕབ་བཏང་སྟེ་ཧཱ་མཱ་སི་ཡིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་བདག་བཟུང་དང་འཕྲོག་བཅོམ་བྱེད་པར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།