ཧཱ་མཱ་སི་དང་དབྱི་སི་རལ་གྱིས་སྐོར་ཐེངས་གསར་བའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སྤེལ།
2025.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་ཚེས17ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཉིན་དེར་བསྟན་དོན། དབྱི་སི་རལ་དང་མཉམ་དུ་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་སྐོར་ཐེངས་གསར་བའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་ཐེབས་པའི་མི་སྣའི་བརྗེ་སྤོར་སྐོར་གྱི་གྲོས་མོལ་སྤེལ་བཞིན་ཡོད་ཟེར།

ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་མཱ་ཨར་ཏཱ་ཝེ་ཡིས་ཚེས17ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། གྲོས་མོལ་དེ་ནི་ཁཱ་ཐར་དང་ཨ་མེ་རི་ཁའི་བར་འདུམ་འོག་སྤེལ་བ་དང་། གྲོས་གཞི་ཚང་མར་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ལ། སྔོན་འགྲོའི་ཆ་རྐྱེན་ཅི་ཡང་བཏོན་མེད་ཟེར།

མིང་བཤད་མི་འདོད་པའི་ཧཱ་མཱ་སིའི་དཔོན་པོ་གཞན་པ་ཞིག་གིས་གསར་འགོད་པར་བཤད་རྒྱུར། གྲོས་མོལ་དེ་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ཡིས་དེའི་སྔོན་བཏོན་པའི་ཇུས་གཞིའི་སྟེང་སྤེལ་བ་ཡིན་ཡང་། ཧཱ་མཱ་སི་ཡིས་དོན་དེར་བཟོ་བཅོས་ཆེན་པོ་བྱས་ཡོད། ཨ་མེ་རི་ཁས་ཐེངས་འདིའི་གྲོས་མོལ་ཁྲོད་སྔར་ལས་གཟབ་ནན་གྱི་ཁག་ཐེག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།