ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་རྩེ་ཚོགས་མགོ་བརྩམས་པ་དང་ཕཱ་ལེ་སི་ཐན་གྱི་ལས་དོན་དེ་སྔར་བཞིན་གྲོས་གཞི་གཙོ་བོ་ཡིན་པ་ནན་བཤད་བྱས།
2025.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྐབས་སོ་བཞི་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་དེ་ཚེས17ཉིན་དབྱི་རག་གི་རྒྱལ་ས་པཱ་ཀཱ་ཏཱ་ནས་ཚོགས་མགོ་བརྩམས་པ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་གྱི་ལས་དོན་དེ་སྔར་བཞིན་ཨ་རབ་རྒྱལ་ཁབ་དང་ཨ་རབ་མནའ་འབྲེལ་གྱི་གྲོས་གཞི་གཙོ་བོ་ཡིན་ཟེར།

ཀའེ་ཐི་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་བཙུགས་ནས་ལོ་ངོ་བརྒྱད་ཅུ་འགོར་བའི་རིང་ལ། ཨ་རབ་རྒྱལ་ཁབ་སོ་སོའི་མི་དམངས་གཅིག་ཏུ་འབྲེལ་བྱེད་ཀྱི་སྦྲེལ་ཐག་ལྟ་བུ་ཡིན། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱས་པ་ལས་ཨ་རབ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་ཐོབ་དཀའ་བར་གྱུར་ཡོད། ཕཱ་ལེ་སི་ཐན་དང་ལེ་པཱ་ནུན་ལ་སྔར་བཞིན་གཞན་གྱི་བཙན་འཛུལ་ཐེབས་བཞིན་ཡོད་པ་དང་། སི་རི་ཡཱའི་བསྐྱར་འཛུགས་ཐད་དཀའ་ཁག་ཆེན་པོ་ཡོད་ལ། སུའུ་ཏན་རྒྱལ་ཁབ་ཆེས་ཛ་དྲག་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་བརྒྱུད་བཞིན་ཡོད་ལ། ཡེ་མིན་དང་ལི་པུ་ཡཱ་སོགས་འཐབ་འཁྲུག་དང་འཁྲུག་རྩོད་ཀྱི་འཇིགས་ཉེན་ལ་འཕྲད་ཡོད་ཟེར། ཁོས་བསྟན་དོན། ཨ་རབ་རྒྱལ་ཁབ་ཀྱིས་མཉམ་དུ་ཉམས་ཉེན་ཁྱད་བསལ་བྱས་ཏེ། ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་མགོ་རྩོམ་མཛད་སྒོར་ཞུགས་པ་དང་། གཏམ་བཤད་སྤེལ་སྐབས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ས་ངོས་འགུལ་སྐྱོད་རྒྱ་བསྐྱེད་བྱས་པར་ཧ་ལས་པའི་ཚུལ་བསྟན། ཁོས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དུ་དུས་ཡུན་རིང་བོར་འཐབ་འཁྲུག་མཚམས་འཇོག་དགོས་པ་དང་། ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་དགོས་ལ། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་རང་དབང་གིས་སྐྱེལ་འདྲེན་བྱེད་པ་མངོན་འགྱུར་བྱེད་དགོས་པས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱས་ན་ད་གཟོད་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་ཐུབ་ཟེར།

སྐབས་འདིའི་རྩེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་དབྱི་རག་གི་སྲིད་འཛིན་ལཱ་ཞེ་ཏི་ཡིས་མགོ་རྩོམ་མཛད་སྒོའི་སྟེང་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཐག་གཅོད་དང་ཕྱོགས་ཡོངས་ཀྱི་གྲོས་མོལ་ནི་ཉམས་ཉེན་མཇུག་སྒྲིལ་བའི་ཐབས་ལམ་ཉག་ཅིག་ཡིན་ཟེར། དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། མྱུར་མོར་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་འཇབ་རྒོལ་མཚམས་བཞག་སྟེ། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པར་བཀག་རྒྱ་མེད་པར་འགན་སྲུང་བྱེད་དགོས་ཟེར། ཁོས་ད་རུང་ཨ་རབ་རྒྱལ་ཁབ་དག་གིས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། འཇིགས་སྐུལ་རིང་ལུགས་དང་མི་སྣའི་ལྐོག་འཚོང་། དུག་རྫས། ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་གནད་དོན་མཉམ་དུ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕཱ་ལེ་སི་ཐན་གྱི་སྲིད་འཛིན་ཨ་པཱ་སི་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་ས་ཁུལ་དང་རྒྱལ་སྤྱིའི་འགྲན་རྩོད་ཁྲོད། ཕཱ་ལེ་སི་ཐན་གྱི་ལས་དོན་དེ་ཆེས་ཚབས་ཆེ་བའི་ཉེན་ཁའི་དུས་རིམ་དུ་གནས་ཡོད་ཟེར། ཁོས་འབྲེལ་ཡོད་འཆར་གཞི་ལ་བརྟེན་ནས་འཐབ་འཁྲུག་མཇུག་སྒྲིལ་བ་དང་ཞི་བདེ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།