ཨ་སེ་པེད་ཅང་གི་ཙུང་ལི་ཡིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་ནན་བཤད་བྱས།
2025.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་སེ་པེད་ཅང་གི་ཙུང་ལི་ཨ་སཱ་ཏའོ་ཧྥུའུ་ཡིས་ཉེ་སྔོན་བསྟན་དོན། ཨ་སེ་པེད་ཅང་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བསྟུད་མར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་སཱ་ཏའོ་ཧྥུའུ་ཡིས་ཚེས15ཉིན་གསར་དུ་འགན་ཁུར་བའི་ཨ་སེ་པེད་ཅང་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལུའུ་མཱེ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨ་སེ་པེད་ཅང་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་རྒྱ་བསྐྱེད་པ། གཅིག་འབྲེལ་གཅིག་བརྟེན་དང་རྨང་གཞིའི་སྒྲིག་ཆས། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

ཨ་སེ་པེད་ཅང་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཅཱ་ཧྥ་ལོ་ཝ་ཡིས་ཉིན་དེར་ལུའུ་མཱེ་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨ་སེ་པེད་ཅང་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། ཨ་སེ་པེད་ཅང་རྒྱལ་དམངས་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་ཚོགས་ཆེན་དང་མཉམ་དུ་རིམ་པ་སོ་སོའི་བརྗེ་རེས་དང་འཚམས་འདྲི་ལ་ཤུགས་སྣོན་བྱས་ཤིང་། རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་ཁྲོད་ཀྱི་འབྲེལ་འདྲིས་རོགས་རེས་ཇེ་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་འཇོག་འདོད་ཡོད་ཟེར།

ལུའུ་མཱེ་ཡིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཅང་མ་འགོར་བའི་སྔོན་ཨ་སེ་པེད་ཅང་གི་སྲིད་འཛིན་ཨ་ལེ་ཡེ་ཧྥུའུ་ཡིས་བདེ་བླག་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཨ་སེ་པེད་ཅང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་མཉམ་དུ་ཁྱབ་བསྒྲགས་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ཇུས་གཞི་གསར་བ་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་སེ་པེད་ཅང་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དེ་གཞི་རྩའི་རྩ་དོན་དུ་བྱས་ཤིང་། ཕྱོགས་གཉིས་ཀྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨ་སེ་པེད་ཅང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལུའུ་མཱེ་ཟླ4བའི་ཚེས14ཉིན་ཨ་སེ་པེད་ཅང་དུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།