ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་ཆ་རྐྱེན་གསལ་ཁྲ་བརྗེ་སྤོར་བྱེད་པ་ནི་ཐོག་མའི་བྱ་བ་ཡིན་པའི་ཚུལ་བསྟན།
2025.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས17ཉིན་མའོ་སི་ཁོ་ནས་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་མིག་སྔར་ཐོག་མར་བསྒྲུབ་དགོས་པ་ནི་འཁྲུག་རྩོད་མཚམས་འཇོག་པའི་ཆ་རྐྱེན་གཙོ་བོའི་གསལ་ཁྲ་བརྗེ་སྤོར་བྱེད་རྒྱུ་ཡིན་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐུས་མིས་མིག་སྔར་འཁྲུག་རྩོད་མཚམས་འཇོག་པའི་ཆ་རྐྱེན་གསལ་ཁྲ་གྲོས་བྱས་ནས་གཏན་འཁེལ་བྱས་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་བར་གསལ་ཁྲ་དེ་བརྗེ་སྤོར་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ལ། ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་བ་མགོ་བརྩམས་མ་ཐག་ཡིན་པས་བྱ་བ་དེ་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་སྲིད་འཛིན་གྱིས་གྲོས་མོལ་བྱེད་མིན་གླེང་སྐབས་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། གྲོས་མོལ་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་དམིགས་བསལ་གྱི་གྲོས་མཐུན་འགོད་པའི་བྱ་བར་གྲུབ་འབྲས་ཐོབ་རྗེས་ད་གཟོད་སྤེལ་ཆོག་ཟེར། གཞན་ཡང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་ཟབ་མོ་བྱེད་པར་འཐད་པ་བྱུང་ཡོད་ཟེར།

ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡི་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་པུའུ་ཏཱ་ནོའུ་ཧྥུའུ་ཡིས་ཚེས17ཉིན་ཝུའུ་ཁི་ལན་གྱི་སྨྱན་བྱད་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཝུའུ་ཁི་ལན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱས་གཟའ་འཁོར་རྗེས་མར་བཟུང་དམག་སྟོང་གཅིག་རེ་བརྗེ་སྤོར་བྱེད་པའི་རེ་བ་ཡོད། ང་ཚོས་བཟུང་དམག་བརྗེ་སྤོར་བྱེད་པའི་དུས་ཚོད་ནམ་ཡིན་ཤེས་ཡོད་ཀྱང་ཡོངས་བསྒྲགས་བྱེད་པར་སྟབས་བདེ་མིན་ཟེར།

ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་ཚོགས་པས་ཚེས16ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་ཞི་བའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་ཀར་གྲོས་མོལ་སླར་གསོ་བྱས་པ་དང་། གྲོས་མོལ་གྱི་མཇུག་འབྲས་ལ་ཨུ་རུ་སི་དང་ཐུར་ཁེ་ཕྱོགས་ཀྱིས་ཁས་ལེན་བྱས་ཡོད། གྲོས་མོལ་ནས་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོན་མེད་པར་དམིགས་ནས། ཝུའུ་ཁི་ལན་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གཙོ་བོའི་མགོ་ཁྲིད་པས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་བར་ལངས་ཕྱོགས་མཐུན་སྦྱོར་བྱེད་རྩིས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།