དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་བ་སླར་གསོ་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་གྲོས་གཞི་ལྟར་དང་། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་གྱི་འཐབ་འཁྲུག་རྒྱ་བསྐྱེད་པའི་འགུལ་སྐྱོད་དགོས་མཁོ་བསམ་བློ་བཏང་སྟེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་ལ་ཟས་རིགས་སོགས་ཚད་ངེས་ཅན་ཞིག་སྐྱེལ་བར་ཆོག་མཆན་བཀོད་ནས། ཅཱ་ཧྲ་ས་ཁུལ་དུ་ལྟོགས་སྡུག་མི་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་འགུལ་སྐྱོད་སྤེལ་ནས་ཧཱ་མཱ་སི་ཡིས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་བགོ་བཤའ་བྱེད་པའི་དབང་ཆ་ཚོད་འཛིན་བྱེད་པར་བཀག་འགོག་བྱེད་རྒྱུ་ཡིན་ཟེར།
དབྱི་སི་རལ་དང་ཧཱ་མཱ་སི་ཡིས་ད་ལོའི་ཟླ་དང་པོར་དུས་རིམ་དང་པོའི་འཁྲུག་རྩོད་མཚམས་བཞག་པའི་རྗེས་སུ་དབྱི་སི་རལ་གྱིས་རྒུད་སྐྱོབ་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་སའི་རྒྱུ་ལམ་ལ་ཚོད་འཛིན་ཡོད་པའི་སྒོ་ནས་སྒོ་འབྱེད་བྱས་ཀྱང་། ཟླ་གསུམ་པའི་ཚུན་ལ་ཅཱ་ཧྲ་ས་ཁུལ་དུ་བཀག་སྡོམ་བྱས་པར་མ་ཟད། དམག་དོན་ཆམ་ཕབ་སླར་གསོ་བྱས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་ཆའར་འགོད་ཁང་གིས་ཟླ་འདིའི་ཚེས12ཉིན་སྤེལ་བའི་སྙན་ཞུ་ལས་མངོན་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་བཀག་སྡོམ་བྱས་པ་ལས་མི་འབུམ་བཞི་དང་ཁྲི་བདུན་ལྷག་གནོད་འཚེ་རང་བཞིན་གྱི་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ལ་འཕྲད་ཡོད་པ་དང་། ཅཱ་ཧྲ་ས་ཁུལ་དུ་ཟླ་ལྔ་བ་ནས་ཟླ་དགུ་བའི་བར་ལྟོགས་སྡུག་འབྱུང་བའི་ཉེན་ཁ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།