དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཚེས18ཉིན་རྒྱལ་ས་པཱ་ཀཱ་ཏཱ་ནས་འཚམས་འདྲིར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་ས་ཁུལ་གནས་བབ་ཀྱི་འཕེལ་ཕྱོགས་གསར་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སུའུ་ཏཱ་ནེ་ཡིས་ཀུའུ་ཐི་ལོས་སི་ཡིས་ཐེངས་འདིར་དབྱི་རག་ཏུ་འཚམས་འདྲི་བྱས་པ་དང་། སྐབས་སོ་བཞི་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་ཞུགས་པར་བཀའ་དྲིན་ཞུས་པ་དང་། ཁོས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་པ་དང་། ཁྱད་པར་དུ་ཕཱ་ལེ་སི་ཐན་གྱི་ལས་དོན་ཐད་བཟུང་བའི་ལངས་ཕྱོགས་ལ་གཟེངས་བསྟོད་བྱས།
སུའུ་ཏཱ་ནེ་ཡིས་བསྟན་དོན། དབྱི་རག་དང་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་འབྲེལ་ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་བཞིན་ཡོད་པ་དང་། དབྱི་རག་ཕྱོགས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་བར་རོགས་ལས་ཟབ་མོ་བྱས་ཏེ། འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱས་ནས་རིགས་སྣ་ཚོགས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་འདོད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཐེངས་འདིའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་རྩེ་ཚོགས་ཀྱི་རྩ་འཛུགས་བྱ་བར་གཟེངས་བསྟོད་བྱས་པ་དང་། མུ་མཐུད་དུ་དབྱི་རག་གི་ཨ་རབ་དང་ས་ཁུལ་ལས་དོན་ཁྲོད་ཀྱི་ལངས་ཕྱོགས་དང་དེ་མིན་དབྱི་རག་གིས་བདེ་འཇགས་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་ནུས་པར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།