ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2025.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་ཉེ་སྔོན་ལང་ལོང་སྒོས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་བཞག་སྟེ། ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་བཏང་ནས། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་བ་ལས་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ནོར་ཝེ་དང་འཁྱག་གླིང་། ཨིར་ལན། ལུ་ཙམ་པོག མར་ཐཱ། སི་ལོ་ཝུན་ནེ་ཡཱ། སི་ཕན་བཅས་ཡོ་རོབ་གླིང་གི་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་པས་ཚེས16ཉིན་ ཨར་པཱ་ནི་ཡཱའི་རྒྱལ་ས་ཏིས་ལཱ་ནཱ་ནས་བསྡུས་པའི་སྐབས་དྲུག་པའི་ཡོ་རོབ་གླིང་ཆབ་སྲིད་ཐུན་མོང་ཚོགས་པའི་མགོ་ཁྲིད་པའི་གྲོས་ཚོགས་སྟེང་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་བཟོས་པའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། དབྱི་སི་རལ་གྱིས་དམག་དོན་འགུལ་སྐྱོད་མཚམས་འཇོག་པ་དང་ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་བཏང་སྟེ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་རྩ་འཛུགས་དག་གིས་བདེ་འཇགས་དང་བཀག་འགོག་མེད་པའི་སྒོ་ནས་རྒུད་སྐྱོབ་བྱ་བ་སྤེལ་བར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།

དབྱི་ཐཱ་ལེའི་ཕྱི་འབྲེལ་བློན་ཆེན་ཐཱ་ཡཱ་ནེ་ཡིས་ཚེས17ཉིན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དབྱི་ཐཱ་ལེ་ཕྱོགས་དབྱི་སི་རལ་སྲིད་གཞུང་གི་གདམ་གསེས་གསར་བར་འཐད་པ་མིན་ལ། འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། ཁོས་བཤད་རྒྱུར། དབྱི་ཐཱ་ལེ་ཡིས་མུ་མཐུད་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་རྒྱུ་ཡིན་ཟེར།

འཇར་མན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས17ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་པ་ལས་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་འགུལ་སྐྱོད་ཀྱི་རིམ་པ་འཕར་བ་ལས་ས་དེའི་སྡོད་དམངས་ལ་ཉེན་ཁ་བཟོས་ཡོད་པར་མ་ཟད། བཀག་འཇུག་ཐེབས་པའི་མི་སྣའི་ཚེ་སྲོག་བདེ་འཇགས་ལའང་འཇིགས་ཉེན་བཟོས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།