ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་རྩེ་ཚོགས་ནས་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2025.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྐབས་སོ་བཞི་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཚེས17ཉིན་གྱི་ཕྱི་དྲོར་དབྱི་རག་གི་རྒྱལ་ས་པཱ་ཀཱ་ཏཱ་ནས་གྲོལ། གྲོས་ཚོགས་གྲོལ་རྗེས་པཱ་ཀཱ་ཏཱའི་བསྒྲགས་གཏམ་སྤེལ་ནས། ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་དང་མི་སེར་དཀྱུས་མར་དམིགས་པའི་དགྲར་འཛིན་འགུལ་སྐྱོད་མྱུར་དུ་མཚམས་འཇོག་དགོས་པའི་རེ་བ་བཏོན་པར་མ་ཟད། ཕཱ་ལེ་སི་ཐན་གྱི་མི་དམངས་དག་རང་གི་སྡོད་གནས་ལས་གཞན་དུ་གནས་སྤོར་དུ་འཇུག་པའི་གཏམ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས།

བསྒྲགས་གཏམ་ལས་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་དང་མི་སེར་དཀྱུས་མའི་དཀའ་སྡུག་ཇེ་ཆེར་གཏོང་བའི་དགྲར་འཛིན་གྱི་འགུལ་སྐྱོད་གང་རུང་མྱུར་དུ་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་དག་གིས་བཅའ་ཁྲིམས་ཀྱི་འོས་འགན་ལག་བསྟར་བྱས་ནས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་བཀག་མེད་ངང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་དགོས་ཟེར།

བསྒྲགས་གཏམ་ལས་བསྟན་དོན། ཕཱ་ལེ་སི་ཐན་མི་དམངས་གནས་སྤོར་བར་བཙན་སྐུལ་བྱེད་པའི་བྱེད་ཐབས་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཅིང་། བྱ་སྤྱོད་དེ་རིགས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ལ། མིའི་རིགས་ལ་གནོད་སྐྱེལ་བའི་ནག་ཉེས་དང་རིགས་རྒྱུད་ཚར་གཅོད་ཀྱི་ཉེས་པ་གྲུབ་ཡོད་ཟེར།

བསྒྲགས་གཏམ་ལས་རྒྱལ་ཁབ་སོ་སོས་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་དང་སླར་གསོའི་འཆར་གཞིའི་ཆེད་ཆབ་སྲིད་དང་ནོར་སྲིད། བཅའ་ཁྲིམས་བཅས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

བསྒྲགས་གཏམ་ལས་ཕཱ་ལེ་སི་ཐན་གྱི་གནད་དོན་དེ་ནི་སྔར་བཞིན་ཨ་རབ་མི་རིགས་ཀྱི་གྲོས་གཞི་གཙོ་བོ་ཡིན་ལ། ས་ཁུལ་གྱི་གཏན་འཇགས་ལ་འབྲེལ་བའི་གནད་འགག་གི་གནད་དོན་ཡིན་པ་ནན་བཤད་བྱས་པར་མ་ཟད། ཕཱ་ལེ་སི་ཐན་མི་དམངས་ཀྱིས1967ལོའི་རྒྱལ་མཚམས་རྨང་གཞིར་བྱེད་པ་དང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་ཅན་གྱི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་དང་བཅས་པའི་གཞན་གྱིས་འཕྲོག་ཐབས་མེད་པའི་ཁེ་དབང་མཉམ་སྤྱོད་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

བསྒྲགས་གཏམ་ལས་ཕཱ་ལེ་སི་ཐན་གྱི་སྲིད་འཛིན་ཨ་པཱ་སི་ཡི་རྒྱལ་སྤྱིའི་ཞི་བདེའི་གྲོས་ཚོགས་བསྡུ་བའི་སྐོར་གྱི་གྲོས་འདོན་ལ་རྒྱབ་སྐྱོར་བྱེད་པ་དང་། ལྡོག་མེད་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།

བསྒྲགས་གཏམ་ལས་ད་རུང་དབྱི་སི་རལ་བཙན་བཟུང་བྱེད་མཁན་ཡིན་པའི་ཆ་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་བ་དང་། བྱ་སྤྱོད་དེ་དག་གིས་ཕཱ་ལེ་སི་ཐན་མི་དམངས་ཀྱིས་རང་དབང་དང་འཚོ་སྡོད། མིའི་རིགས་ཀྱི་ལ་རྒྱ་བཅས་ཐད་ཀྱི་ཁེ་དབང་འཕྲོག་ཡོད་པར་བསྟན།

དེ་ལས་གཞན་བསྒྲགས་གཏམ་དེ་ད་རུང་སུའུ་ཏན་དང་ལེ་པཱ་ནུན། སི་རི་ཡཱ། ལི་པུ་ཡཱ། ཡེ་མིན་སོགས་ཨ་རབ་རྒྱལ་ཁབ་ཀྱི་གནད་དོན་ལ་འབྲེལ་ཡོད་པ་དང་། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་དང་ཁྱད་པར་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇིགས་སྐུལ་བྱ་སྤྱོད་ལ་རྒོལ་གཏམ་གཏོང་རྒྱུ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།