འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་མགོ་བརྩམས་པ་དང་བདེ་ཐང་གི་འཛམ་གླིང་མཉམ་འཛུགས་བྱེད་པ་གཙོ་བོར་བཟུང་ཡོད།
2025.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྐབས་དོན་བརྒྱད་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཚེས19ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཚོགས་མགོ་བརྩམས་པ་དང་། སྐབས་འདིའི་ཚོགས་ཆེན་གྱི་བརྗོད་སྙིང་ནི་བདེ་ཐང་གི་འཛམ་གླིང་མཉམ་འཛུགས་བྱེད་པ་དེ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། སྐབས་རེའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གང་ཡིན་ཡང་དོན་སྙིང་གལ་ཆེན་ལྡན་པ་དང་། ད་ལོར་ལྷག་ཏུ་དོན་སྙིང་ལྡན། སྐབས་འདིའི་ཚོགས་ཆེན་སྟེང་དུ། ཁོངས་གཏོགས་རྒྱལ་ཁབ་སོ་སོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོས་ནད་ཆེན་མོའི་གྲོས་ཆོད་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་འབྱུང་བའི་རེ་བ་ཡོད་ཟེར། ཁོས་ད་རུང་ཁོངས་གཏོགས་རྒྱལ་ཁབ་དག་གིས་སྐོར་ཐེངས་རྗེས་མའི་ཚོགས་གྲོན་ཇེ་མང་དུ་གཏོང་བར་ཆོག་མཆན་བཀོད་དེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དུས་ཡུན་རིང་བོའི་ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་དང་སྒེར་ཚུགས་རང་བཞིན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

སྐབས་འདིའི་ཚོགས་ཆེན་ནས་ཀུན་གྱིས་རེ་སྒུག་བྱེད་པའི་ནང་དོན་ཅིག་ཡོད་པ་ནི་འགོས་ནད་ཆེན་མོའི་གྲོས་ཆོད་ལ་གྲོས་ཞིབ་བྱེད་རྒྱུ་དེ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ4བའི་ཚེས16ཉིན་ཁྱབ་བསྒྲགས་བྱས་དོན། ལོ་ངོ་གསུམ་ལྷག་ལ་ཡང་ཡང་གྲོས་མོལ་བྱས་པ་བརྒྱུད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འགོས་ནད་ཆེན་མོའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ཡོད་ཟེར།

དེ་ལས་གཞན་སྐབས་འདིའི་ཚོགས་ཆེན་ནས་ད་རུང2024ལོའི་གྲུབ་འབྲས་སྙན་ཞུ་དང་གྲོས་གཞི་དོན་ལྔ་ཙམ་ལ་གྲོས་ཞིབ་བྱེད་རྒྱུ་ཡིན་པ་དང་། འཕྲོད་བསྟེན་དང་སྨན་བཅོས་མི་སྣའི་དཔུང་སྡེ། ཐོལ་བྱུང་འཕྲོད་བསྟེན་དོན་རྐྱེན། རྒྱུངས་པའི་ཐལ་འགྱུར་གཉན་ཚད། ནམ་ཟླའི་འགྱུར་ལྡོག་སོགས་གྲོས་གཞིར་ཁེབས་ཡོད། སྐབས་འདིའི་ཚོགས་ཆེན་ནས་ད་རུང་རྒྱུན་མཐུད་དངུལ་གསོག་གནད་སར་བཟུང་ཡོད་པ་དང་། 2026ལོ་ནས2027ལོའི་བར་གྱི་འཆར་འགོད་སྔོན་རྩིས་དེ་མེ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གསུམ་ནས་ཐེར་འབུམ་བཞི་དང་དུང་ཕྱུར་གཉིས་བྱེ་བ་དྲུག་ས་ཡ་བདུན་ལ་ཇེ་ཉུང་དུ་གཏོང་རྒྱུ་མ་ཟད། བྱ་བ་གཙོ་བོ་ལེགས་སྒྲིག་བྱས་ནས་སྲོག་ཤིང་འགན་ནུས་དང་བྱེད་ནུས་མཐོར་འདེགས་གཏོང་རྒྱུ་རེད།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེས་མཐོའི་ཐབས་ཇུས་ལས་ཁུངས་ཡིན་ཞིང་། སྤྱིར་བཏང་དུ་ལོ་རེའི་ཟླ5བར་རི་ནེ་ཝ་རུ་འཚོགས་བཞིན་ཡོད། ཚོགས་ཆེན་གྱི་འགན་ནུས་གཙོ་བོ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྲིད་ཇུས་གཏན་འཁེལ་བྱེད་པ་དང་སྔོན་རྩིས་ཇུས་གཞིར་གྲོས་ཞིབ་བྱས་ཏེ་ཆོག་མཆན་འགོད་པ་རེད། ཚོད་དཔག་བྱས་ན་སྐབས་འདིའི་ཚོགས་ཆེན་དེ་ཚེས27ཉིན་གྲོལ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།