ཨེ་ཅིབ་ཀྱི་སྲིད་འཛིན་སེ་ཞི་ཡིས་ཚེས19ཉིན་དབྱི་སི་རལ་གྱིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ལེ་པཱ་ནུན་གྱི་མངའ་ཁོངས་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་།
ཨེ་ཅིབ་ཀྱི་སྲིད་འཛིན་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། སེ་ཞི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་དང་མཉམ་དུ་ཁེ་རོ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། སེ་ཞི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཨེ་ཅིབ་ཀྱིས་ལེ་པཱ་ནུན་གྱི་གཏན་འཇགས་མངོན་འགྱུར་བྱེད་པ་དང་ལེ་པཱ་ནུན་གྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པ་བསྐྱར་སྒྲོག་བྱས་པར་མ་ཟད། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་མངའ་ཁོངས་སུ་ཡང་ཡང་གནོད་སྐྱེལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བརྟན་པོ་བཟུང་ཡོད་ཟེར། ཁོས་བཤད་རྒྱུར། ཨེ་ཅིབ་ཀྱིས་ལེ་པཱ་ནུན་གྱི་བསྐྱར་འཛུགས་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་གྱི་བསྐྱར་འཛུགས་ཐད་ཀྱི་འགན་འཁྲི་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨོ་ཨིན་གྱིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་དང་ལེ་པཱ་ནུན་བར་གྱི་ཞི་བདེ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ཕྱོགས་ཡོངས་ནས་དུས་ལྟར་ལག་བསྟར་བྱེད་པ་ནས་མགོ་རྩོམ་དགོས་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལེ་པཱ་ནུན་གྱི་མངའ་ཁོངས་ནས་ཕྱིར་འཐེན་བྱེད་པར་བཙན་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་གྲོས་མོལ་བྱེད་སྐབས། ཕྱོགས་གཉིས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཕཱ་ལེ་སི་ཐན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཕཱ་ལེ་སི་ཐན་གྱི་མི་རྣམས་མཐར་སྐྲོད་གཏོང་རྩིས་བྱེད་པའི་གཡོ་ཇུས་ལ་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།