ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས19ཉིན་འཚམས་འདྲིར་ཡོང་བའི་མར་ཐའི་ཙུང་ལི་ཨ་པེ་ལཱ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་གང་ལེགས་བྱས་ཏེ་ཅཱ་ཧྲ་ས་ཁུལ་གྱི་ནད་བྱུང་བའི་བྱིས་པ་དང་ལེན་བྱས་ནས་ནད་བཅོས་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།
ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་གྲོས་མོལ་བྱེད་སྐབས་ངེས་པར་དུ་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་མཇུག་སྒྲིལ་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱས་ཏེ། ཧུར་ཐག་སྒོས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་བསྐྱར་སྒྲོག་བྱས། ཅོར་ཏན་སྲིད་གཞུང་གིས་མཉམ་ལས་གྲོགས་པོ་དག་དང་མཉམ་དུ་ཞི་བདེ་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་པ་དང་། མར་ཐཱ་རྒྱལ་ཁབ་ཀྱིས་དེའི་ཐད་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨ་པེ་ལཱ་ཡིས་ཅོར་ཏན་གྱིས་ས་ཁུལ་གྱི་གཏན་འཇགས་དང་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་འབད་འབུངས་བྱས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་བྱིས་པར་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་པར་གཟེཆངས་བསྟོད་བྱས།
ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ད་ལོའི་ཟླ2པར་ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས་ཁྱབ་བསྒྲགས་བྱས་དོན། ཅོར་ཏན་གྱིས་ཅཱ་ཧྲའི་ནད་བྱུང་བའི་བྱིས་པ་སྟོང་གཉིས་དང་ལེན་བྱས་ནས་གསོ་བཅོས་བྱེད་རྒྱུ་ཡིན་ཟེར། ཅོར་ཏན་དྲག་ཆས་དམག་དཔུང་གིས་ཟླ3པ་ནས་ཟླ5བའི་བར་ཅཱ་ཧྲ་ས་ཁུལ་ནས་ནད་བྱུང་བའི་བྱིས་པ་སྐོར་ཁག་གཉིས་ཅོར་ཏན་གྱི་སྨན་ཁང་མང་བོར་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།