ཧྥ་རན་སི་དང་དབྱིན་ཇི། ཁཱ་ནཱ་ཏཱ་བཅས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་པར་ངོ་རྒོལ་བྱས།
2025.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥ་རན་སི་དང་དབྱིན་ཇི། ཁཱ་ནཱ་ཏཱ་བཅས་ཀྱིས་ཚེས19ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་པར་ངོ་རྒོལ་དྲག་པོ་བྱས་པ་དང་། དབྱི་སི་རལ་གྱི་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་མྱུར་མོར་ཆོག་མཆན་འགོད་དགོས་པའི་རེ་བ་བཏོན།

ཧྥ་རན་སིའི་སྲིད་འཛིན་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་ཚེས19ཉིན་གྱི་དགོང་མོར་ཧྥ་རན་སི་དང་དབྱིན་ཇི། ཁཱ་ནཱ་ཏཱ་བཅས་ཀྱི་མགོ་ཁྲིད་པའི་ཅཱ་ཧྲ་ས་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གནས་བབ་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་ནས་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་དཀའ་སྡུག་མྱོང་དུ་བཅུག་པར་བཟོད་སྒོམ་བྱེད་ཐབས་མེད་ཟེར།

དབྱི་སི་རལ་གྱི་སྲིད་གཞུང་གིས་མི་སེར་དཀྱུས་མར་དགོས་ངེས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་མཚམས་བཞག་པ་དང་ལེན་བྱེད་ཐབས་མེད་ལ། དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་ཡོད། ཅཱ་ཧྲ་ལ་ཆགས་འཇིག་རང་བཞིན་གྱི་ཆམ་ཕབ་བཏང་ནས་མི་སེར་དཀྱུས་མ་ཡུལ་འཁྱམ་བྱེད་དུ་བཅུག་པ་དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གལ་ཏེ་དབྱི་སི་རལ་གྱིས་སྐོར་ཐེངས་གསར་བའི་དམག་དོན་དཔུང་འཇུག་མཚམས་མི་འཇོག་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཚད་བཀག་མེད་པར་མ་བཏང་ན། རྒྱལ་ཁབ་གསུམ་གྱིས་བྱེ་བྲག་གི་བྱེད་ཐབས་སྤྱད་དེ་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་གསལ་སྒྲོག་ནང་བསྟན་དོན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གཏན་སྡོད་བྱེད་ས་རྒྱ་བསྐྱེད་པའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱེད་པ་དང་། དབྱི་སི་རལ་གྱིས་ངེས་པར་དུ་ཁྲིམས་འགལ་གཏན་སྡོད་བྱེད་ས་འཛུགས་སྐྲུན་བྱེད་མཚམས་འཇོག་དགོས་ལ། གཏན་སྡོད་བྱེད་ས་དེས་ཕཱ་ལེ་སི་ཐན་གྱི་འཚོ་སྡོད་ཁོར་ཡུག་ལ་གཏོར་བརླག་བཏང་ཡོད་པར་མ་ཟད། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་མིའི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་ཟེར།

རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་བསྟན་དོན། མུ་མཐུད་དུ་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་དང་ས་ཁུལ་གྱི་གྲོགས་པོ། དབྱི་སི་རལ་དང་ཨ་མེ་རི་ཁ་བཅས་ཀྱི་བར་མཉམ་ལས་བྱས་ཏེ། ཨ་རབ་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཅཱ་ཧྲ་ས་ཁུལ་གྱི་མ་འོངས་པའི་བཀོད་སྒྲིག་ཐད་ནས་ཐུན་མོང་ལྟ་ཚུལ་འགོད་པར་སྟབས་བདེ་བཟོ་རྒྱུ་ཡིན་ལ། རྒྱལ་ཁབ་གསུམ་གྱིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་བཞིན་ཡོད་པ་དང་། དེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་པར་མ་ཟད། དོན་དེའི་ཐད་ནས་རྒྱལ་ཁབ་གཞན་པའི་བར་མཉམ་ལས་བྱེད་རྩིས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།