ཨུ་རུ་སི་ཡིས་ཝུའུ་ཁི་ལན་བར་ཞི་བདེའི་གྲོས་མཐུན་འགོད་པའི་བཟོད་སྒོམ་བརྗེད་ཐོ་འབྲི་དགོས་པའི་གྲོས་གཞི་བཏོན།
2025.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས19ཉིན་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཏེ་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་བར་མ་འོངས་པའི་ཐད་ནས་ཞི་བདེའི་གྲོས་མཐུན་འགོད་པའི་ཐད་ནས་བཟོད་སྒོམ་བརྗེད་ཐོ་འབྲི་བའི་གྲོས་གཞི་བཏོན་ནས་དེར་གྲ་སྒྲིག་བྱེད་རྒྱུ་རེད།

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས19ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་ཁ་པར་གྲོས་མོལ་དེ་དུས་ཚོད་གཉིས་ལྷག་འགོར་བ་དང་། ཕུའུ་ཅིན་གྱིས་ཁ་པར་གྲོས་མོལ་བྱས་རྗེས་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་གྱི་ནང་དོན་ཕུན་སུམ་ཚོགས་ལ་ལྷག་བསམ་རྣམ་དག་ཡིན་པ་དང་། སྤྱིའི་ཆ་ནས་ཕན་འབྲས་ཆེན་པོ་ལྡན། ཐི་ལིང་ཕུའུ་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐབ་འཁྲུག་མཚམས་འཇོག་པའི་ལངས་ཕྱོགས་བསྟན་པ་དང་། ཁོས་ཨུ་རུ་སི་ཡིས་ཀྱང་ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་ཚུལ་བསྟན་པར་མ་ཟད། མིག་སྔར་བསྒྲུབ་དགོས་པ་ནི་ཞི་བདེལ་དམིགས་པའི་ཐབས་ལམ་ནུས་ལྡན་ཞིག་འཚོལ་ཞིབ་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་སྲིད་འཛིན་གྱིས་གྲོས་མོལ་བྱས་པ་བརྒྱུད། ཨུ་རུ་སི་ཡིས་ཝུའུ་ཁི་ལན་བར་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་ཞི་བདེ་གྲོས་མཐུན་འགོད་པའི་ཐད་ནས་བཟོད་སྒོམ་བརྗེད་ཐོ་འབྲི་བའི་གྲོས་གཞི་བཏོན་པ་དང་དེར་གྲ་སྒྲིག་བྱས། བཟོད་སྒོམ་བརྗེད་ཐོ་ལས་ཉམས་ཉེན་ཐག་གཅོད་བྱེད་པའི་རྩ་དོན་དང་ཞི་བའི་གྲོས་མཐུན་འགོད་པའི་དུས་ཚོད་རེའུ་མིག དེ་མིན་འབྲེལ་ཡོད་གྲོས་མཐུན་བཀོད་པའི་གནས་ཚུལ་འོག་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པ་སོགས་འདོད་བློ་རབ་དང་རིམ་པ་གཏན་འཁེལ་བྱས་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱི་ཐུར་ཁེའི་དབྱི་སི་ཐན་པོར་གྱི་གྲོས་མོལ་ལ་ཞུགས་མཁན་བར་གྱི་འབྲེལ་གཏུགས་སླར་གསོ་བྱས་ཡོད་པ་དང་། དེ་ལས་ང་ཚོ་སྤྱི་ཕྱོགས་ནས་ཡང་དག་པའི་ལམ་དུ་ཞུགས་ཡོད་པ་མཚོན། མིག་སྔའི་གནད་འགག་གི་གནད་དོན་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཚད་ཆེན་པོའི་སྒོ་ནས་ཞི་བདེའི་རེ་འདུན་མངོན་པར་བྱས་ཏེ། ཕྱོགས་སོ་སོས་དང་ལེན་བྱེད་ཐུབས་པའི་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ཨུ་རུ་སིའི་ལངས་ཕྱོགས་མངོན་གསལ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ལ་ཆེས་གལ་ཆེ་བ་ནི་ཐེངས་འདིའི་ཉམས་ཉེན་གྱི་འབྱུང་རྐྱེན་མེད་པར་གཏོང་རྒྱུ་དེ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།