ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་ཚེས19ཉིན་ཁྱབ་བསྒྲགས་བྱས་དོན། ཁོ་ལོམ་པུ་ཡཱ་ནས་ཝེ་ནེ་ཙུའེ་ལཱ་རུ་འཕུར་བའི་གནམ་གྲུ་ཚང་མ་གནས་སྐབས་སུ་བཀག་འགོག་བྱེད་རྒྱུ་ཡིན་ཟེར།
ཝེ་ནེ་ཙུའེ་ལཱའི་ནང་སྲིད་པུའུ་ཀྲང་ཁཱ་ཝེ་ལོས་ཀྱིས་རྒྱལ་ཁབ་བརྙན་འཕྲིན་ཁང་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་དྲག་ཤུགས་ཉེས་ཅན་གྱིས་ཟླ་འདིར་སྤེལ་རྒྱུ་ཡིན་པའི་ས་གནས་དང་གྲོས་ཁང་གི་འདེམ་བསྐོའི་བྱ་བར་གཏོར་བརླག་གཏོང་རྩིས་ཡོད་པ་དང་། ཉེན་རྟོག་དམག་དཔུང་དང་སྨན་ཁང་། གློག་ཤུགས། དེ་མིན་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་སོགས་ནི་དེའི་གཏོར་བརླག་འཆར་གཞིའི་དམིགས་འབེན་གཙོ་བོ་ཡིན། མིག་སྔར་མི38འཛིན་བཟུང་བྱས་པ་དང་། དེའི་ནང་མི17ཕྱི་རྒྱལ་གྱི་མི་ཡིན་ལ། ཁོ་ཚོ་སྐམ་ས་བརྒྱུད་པའམ་གནམ་གྲུར་བསྡད་དེ་ཁོ་ལོམ་པུ་ཡཱ་ནས་ཡོང་བ་རེད་ཟེར།
ཝེ་ནེ་ཙུའེ་ལཱ་ཡིས་ཚེས25ཉིན་གྲོས་ཁང་གི་གྲོས་མི་དང་ས་གནས་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་མི། དེ་མིན་ཁུལ་དཔོན་བཅས་འདེམ་བསྐོ་བྱེད་རྒྱུ་ཡིན་པ་དང་། བསྒྲགས་པ་ལྟར་ན། ཁོ་ལོམ་པུ་ཡཱ་ནས་ཝེ་ནེ་ཙུའེ་ལཱ་རུ་འཕུར་བའི་གནམ་གྲུར་བཀག་འགོག་བྱེད་པའི་བྱེད་ཐབས་དེ་ཚེས26ཉིན་གྱི་ཕྱི་དྲོའི་བར་རྒྱུན་བསྲིང་རྒྱུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།