ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་ཚེས20ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་དབྱི་སི་རལ་གྱི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་མཐུན་ཁྲོད་ཀྱི་འགྲོ་མིའི་ཐོབ་ཐང་དང་འབྲེལ་བའི་དོན་ཚན་གཉིས་པ་དྲངས་ནས་གྲོས་མཐུན་དེར་དཔྱད་ཞིབ་བྱེད་མགོ་བརྩམས་ཡོད་ཟེར།
ཁཱ་ལཱ་སི་ཡིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་ཟབ་མོ་བྱས། མིག་སྔའི་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་དེ་གནོད་འཚེ་རང་བཞིན་ཅན་དུ་བརྗོད་ཆོག་པར་འདོད། ཕྱི་འབྲེལ་བློན་ཆེན་མང་ཆེ་བས་ཡོ་རོབ་གླིང་མནའ་འབྲེལ་དང་དབྱི་སི་རལ་གྱི་འབྲེལ་གཏུགས་རྒྱལ་ཁབ་ཀྱི་གྲོས་མཐུན་ལ་དཔྱད་ཞིབ་བྱེད་པར་འཐད་པ་ཡིན་པའི་ཚུལ་བསྟན།
ཁཱ་ལཱ་སི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་ཆོག་མཆན་བཀོད་པ་དེ་དོན་བཟང་ཞིག་ཡིན་ལ། ངེས་པར་དུ་རོགས་སྐྱོར་དངོས་རྫས་དག་གཞི་རྒྱ་ཆེ་ཞིང་བཀག་མེད་ངང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་འགོད་དགོས། དེ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཅིག་ཡིན་པ་དང་། མིག་སྔའི་ལས་འགན་གཙོ་བོ་ནི་ཚེ་སྲོག་སྐྱོབ་རྒྱུ་དེ་ཡིན་ཟེར།
ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དབྱི་སི་རལ་གྱི་ཐལ་སྤྱོད་རིང་ལུགས་པའི་གཏན་སྡོད་མཁན་ལ་བཀག་སྡོམ་བྱེད་པའི་གནད་དོན་ཐད་ནས་ཁཱ་ལཱ་སི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྲེལ་ཡོད་བྱེད་ཐབས་ལ་གྲོས་བསྡུར་བྱས་ཡོད་ཀྱང་། ཁོངས་གཏོགས་རྒྱལ་ཁབ་ག་གེ་མོས་བཀག་རྒྱ་བཟོས་ཡོད་ཟེར་ཡང་ཁོ་མོས་ཁོངས་གཏོགས་རྒྱལ་ཁབ་གང་ཡིན་གསལ་བོར་བཤད་མེད།
ཡོ་རོབ་གླིང་མནའ་འབྲེལ་དང་དབྱི་སི་རལ་གྱིས2000ལོར་ཡོ་རོབ་གླིང་མནའ་འབྲེལ་དང་དབྱི་སི་རལ་གྱི་འབྲེལ་གཏུགས་རྒྱལ་ཁབ་ཀྱི་གྲོས་མཐུན་བཀོད་པ་དང་། དམིགས་ཡུལ་ནི་ཡོ་རོབ་གླིང་མནའ་འབྲེལ་དང་དབྱི་སི་རལ་བར་གྱི་ཆབ་སྲིད་གྲོས་མོལ་དང་དཔལ་འབྱོར་མཉམ་ལས་ཐད་བཅའ་ཁྲིམས་དང་སྒྲིག་ལུགས་ཀྱི་སྒྲོམ་གཞི་འདོན་སྤྲོད་བྱེད་ཆེད་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།