སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས20ཉིན་ཁྱབ་བསྒྲགས་བྱས་དོན། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ཁཱ་ཐུའུ་མུའུ་མངའ་སྡེ་ནས་ཕྱིར་འཐེན་བྱས་ཡོད་ཟེར།
སུའུ་ཏན་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་ས་ཁཱ་ཐུའུ་མུའུ་དང་བཅས་པའི་ཁཱ་ཐུའུ་མུའུ་མངའ་སྡེའི་མངའ་ཁོངས་ཡོངས་སུ་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་མེད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་གིས་མུ་མཐུད་དུ་དམག་དོན་འགུལ་སྐྱོད་སྤེལ་ནས། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་ལག་ནས་ས་ཁུལ་ཚང་མ་ཕྱིར་འཕྲོག་ལེན་བྱེད་རྒྱུ་ཡིན་ཟེར།
སུའུ་ཏན་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་ནཱ་པུས་ལེ་ཨ་པུའུ་ཏུའུ་ལཱ་ཡིས་ཉིན་དེའི་སྔ་དྲོར་བཤད་རྒྱུར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས19ཉིན་ནས་བཟུང་ཁཱ་ཐུའུ་མུའུ་ཉེ་འདབས་ཀྱི་ཨིན་ཐུའུ་མན་ནས་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། གྲོང་ཁྱེར་དེའི་ནུབ་ཕྱོགས་དང་ལྷོ་ཕྱོགས་སུ་བཅའ་སྡོད་བྱེད་པའི་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ཚར་གཅོད་བྱས་ནས། གང་མགྱོགས་སྒོས་ཁཱ་ཐུའུ་མུའུ་མངའ་སྡེ་ཕྱིར་འཕྲོག་ལེན་བྱེད་རྩིས་བྱས།
སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།