ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་དཔལ་འབྱོར་བཀག་སྡོམ་མེད་པར་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
གསལ་སྒྲོག་ལས་བཤད་རྒྱུར། ད་ནི་སི་རི་ཡཱའི་མི་དམངས་ཀྱིས་མཐུན་སྒྲིལ་བྱས་ཏེ། དཀྱེལ་ཡངས་དང་སྣེ་མང་། ཞི་བདེ། ཕྱི་ཕྱོགས་ཀྱི་ཐེ་གཏོགས་མེད་པའི་སི་རི་ཡཱ་གསར་བ་ཞིག་བསྐྱར་འཛུགས་བྱེད་པའི་དུས་ལ་བབས་ཡོད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱའི་དཔལ་འབྱོར་བཀག་སྡོམ་མེད་པར་གཏོང་བའི་ཞོར་དུ་ཨ་སཱ་ཏི་སྲིད་དབང་གི་བཀག་སྡོམ་སྔར་བཞིན་སོར་འཇོག་བྱས་ཏེ། བདེ་འཇགས་ལ་བསམ་བློ་བཏང་བའི་བཀག་སྡོམ་སྔར་མས་སུ་བཞག་ཡོད་ལ། འགྲོ་མིའི་ཐོབ་ཐང་ལ་གནོད་པ་སྐྱེལ་མཁན་དང་སི་རི་ཡཱའི་གཏན་འཇགས་ལ་གཏོར་བརླག་གཏོང་མཁན་ལ་ཆེད་དམིགས་ཀྱི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་སི་རི་ཡཱའི་བར་བརྒལ་སྲིད་གཞུང་བར་འབྲེལ་འདྲིས་བྱས་ཤིང་། སི་རི་ཡཱའི་གནས་བབ་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱེད་པ་དང་། སི་རི་ཡཱ་ལ་དམིགས་པའི་དཔལ་འབྱོར་བཀག་སྡོམ་མེད་པར་གཏོང་བའི་ཆོད་དོན་དེའི་ཤུགས་རྐྱེན་ལ་དོ་སྣང་བྱེད་རྒྱུ་རེད།
ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱའི་དཔལ་འབྱོར་བཀག་སྡོམ་མེད་པར་བཏང་བའི་ཐད་ནས་སི་རི་ཡཱའི་ཕྱི་འབྲེལ་སྡེ་ཁག་གི་འགན་ཁུར་བ་ཞེ་པཱ་ནེ་ཡིས་ཚེས20ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཆོད་དོན་དེས་སི་རི་ཡཱའི་བདེ་འཇགས་དང་གཏན་འཇགས། དར་རྒྱས་བཅས་ལ་ཤུགས་སྣོན་བྱེད་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།