ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་ཨུ་རུ་སིར་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2025.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་ཚེས20ཉིན་སོ་སོར་ཨུ་རུ་སིར་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲ་བྱས་པ་དང་། གཙོ་བོ་ཨུ་རུ་སིའི་ནུས་ཁུངས་དང་དམག་དོན། དངུལ་ལོར་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད།

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས20ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིར་དམིགས་པའི་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་གསར་བར་དངོས་སུ་གྲོས་འཆམ་བྱུང་བ་དང་། དེའི་ནང་ཨུ་རུ་སིའི་གྲིབ་གཟུགས་གྲུ་གཟིངས་རུ་ཁག་གི་གྲུ་གཟིངས189ལ་བཀག་སྡོམ་བྱས་པ་དང་། གྲུ་གཟིངས་དེ་དག་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲུ་ཁར་ཡོང་བར་གཏན་འགོག་བྱས་པར་མ་ཟད་འབྲེལ་ཡོད་ཀྱི་མཚོ་དོན་ཞབས་ཞུ་མཚམས་བཞག དེ་ནི་ད་ལྟའི་བར་གྲིབ་གཟུགས་གྲུ་གཟིངས་རུ་ཁག་ལ་དམིགས་པའི་གཞི་རྒྱ་ཆེས་ཆེ་བའི་བཀག་སྡོམ་བྱེད་ཐབས་ཤིག་ཡིན་པ་དང་། མིག་སྔར་ཨུ་རུ་སི་རུ་ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་ཐེབས་པའི་གྲུ་གཟིངས342ལ་བསླེབས་ཡོད།

ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སི་ཡིས་སྣུམ་འདྲུད་གྲུ་གཟིངས་སོགས་ཚོང་དོན་གྲུ་གཟིངས་ནུབ་ཕྱོགས་ཀྱི་བཀག་སྡོམ་ལས་ཐར་དུ་བཅུག་པར་སྐྱོན་འཛུགས་བྱས་པས། ཚོང་དོན་གྲུ་གཟིངས་དེ་དག་ལ་གྲིབ་གཟུགས་གྲུ་གཟིངས་རུ་ཁག་ཏུ་འབོད་བཞིན་ཡོད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐེངས་འདིར་ཨུ་རུ་སིའི་རྡོ་སྣུམ་དང་སོལ་རླངས་ཁེ་ལས་གཙོ་བོ་སུའུ་ཨར་ཀུའུ་ཐི་རྡོ་སྣུམ་རང་བྱུང་སོལ་རླངས་ཀུང་ཟི་དང་ཨུ་རུ་སིའི་རྡོ་སྣུམ་སྐྱེལ་འདྲེན་ཀུང་ཟི་བཀག་སྡོམ་མིང་ཐོའི་ནང་བཞག་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་རྡོ་སྣུམ་དང་སོལ་རླངས་ཀྱི་ཡོང་འབབ་ལ་ཚོད་འཛིན་བྱས། དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་ཚོགས་པ་དང་མི་སྒེར་མང་བོར་བཀག་སྡོམ་བྱས་ཡོད་ལ། དེའི་རྒྱུ་ནོར་བཀག་ཉར་བྱས་པར་མ་ཟད་མངའ་ཁོངས་སུ་ཡོང་བ་གཏན་འགོག་བྱས།

དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡིས་ཚེས20ཉིན་ཨུ་རུ་སིར་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ཡོད་ལ། ཨུ་རུ་སིའི་དམག་དོན་དང་ནུས་ཁུངས། དངུལ་ལོར་སོགས་གནད་འགག་གི་སྡེ་ཁག་ལ་འབྲེལ་ཡོད་པར་མ་ཟད། ཝུའུ་ཁི་ལན་ལ་བརྡ་འཕྲིན་ཕྱོགས་ནས་གནོད་སྐྱེལ་བའི་མི་སྒེར་དང་ལས་ཁུངས་ཀྱང་འདུས་ཡོད་ཟེར།

དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ལྟར་ན། དབྱིན་ཇི་ཡིས་ཐེངས་འདིར་ཡོ་རོབ་གླིང་མནའ་འབྲེལ་བར་མཐུན་སྦྱོར་འགུལ་སྐྱོད་སྤེལ་ནས། ཨུ་རུ་སིར་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ཡོད་ཟེར། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་མུས་ཀྱིས་གསལ་སྒྲོག་ནང་བསྟན་དོན། དབྱིན་ཇི་ཡིས་ཨུ་རུ་སི་ཡིས་ཕྱོགས་ཡོངས་ནས་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་བཞག་སྟེ། གྲོས་མོལ་མགོ་རྩོམ་པར་སྟབས་བདེ་བཟོ་བར་འཐད་པ་འབྱུང་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།