དབྱི་ལིང་དང་ཨ་མེ་རི་ཁའི་སྐོར་ཐེངས་ལྔ་བའི་གྲོས་མོལ་དེ་ཚེས23ཉིན་རོ་མཱ་ནས་སྤེལ་རྒྱུ་རེད།
2025.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་པཱ་ཏི་ཨར་གྱིས་ཚེས21ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་སྐོར་ཐེངས་ལྔ་བའི་གྲོས་མོལ་དེ་ཚེས23ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་སྤེལ་རྒྱུ་ཡིན་ཟེར།

པཱ་ཏི་ཨར་གྱིས་འབྲེལ་ཡོད་ཀྱི་བྱེ་བྲག་གི་གནས་ཚུལ་གཞན་པ་གླེང་མེད།

དབྱི་ལིང་དང་ཨ་མེ་རི་ཁས་ཟླ4བའི་ཚེས12ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་བརྒྱུད་པའི་གྲོས་མོལ་ཐོག་མ་སྤེལ་བ་དང་། དེ་ནི2018ལོའི་ཟླ5བར་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་རྗེས་ཕྱོགས་གཉིས་ཀྱི་དངོས་གཞིའི་གྲོས་མོལ་ཐོག་མ་ཡིན་པ་རེད། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་སོ་སོར་ཟླ4བའི་ཚེས19ཉིན་དང་ཟླ4བའི་ཚེས26ཉིན། ཟླ5བའི་ཚེས11ཉིན་བཅས་ལ་བརྒྱུད་པའི་གྲོས་མོལ་ཐེངས་གསུམ་སྤེལ་བ་རེད།

བསྒྲགས་པ་ལྟར་ན། སྐབས་རིམ་པའི་གྲོས་མོལ་ཚང་མར་པཱ་ཏི་ཨར་གྱིས་གནས་ཚུལ་བརྒྱུད་སྒྲོག་བྱེད་པའི་འགན་ཁུར་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།