མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས21ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་བརྗོད་དོན་བྱ་འགུལ་སྤེལ་ཏེ། སྐབས་དྲུག་པའི་རྒྱལ་སྤྱིའི་ཇ་ཡི་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུས།
ད་ལོའི་རྒྱལ་སྤྱིའི་ཇ་ཡི་ཉིན་མོའི་བརྗོད་སྙིང་ནི་ཇ་བཟང་བོ་མཉམ་འཐུང་བྱས་ནས་མཛེས་སྡུག་འཚོ་བ་མཉམ་བསྐྲུན་བྱེད་དགོས་ཞེས་པ་དེ་རེད། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཆུའུ་ཏུང་ཡུས་ཀྱིས་ཞུ་ཚིག་འབུལ་སྐབས་ཇ་ཡི་ཐོན་ལས་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དང་ཞིང་སྡེའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ། ཤུགས་རྐྱེན་འགོག་ནུས་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་དོན་སྙིང་གལ་ཆེན་ནན་བཤད་བྱས། ཁོས་བཤད་རྒྱུར། ཇ་ནི་བཏུང་བའི་རིགས་ཤིག་ཡིན་པར་མ་ཟད་འཛམ་གླིང་ཡོངས་ཀྱི་མི་ས་ཡ་མང་བོའི་ཚེ་སྲོག་ལྟ་བུ་ཡིན། ཇ་ཡི་ཐོན་ལས་དེ་རིན་གོང་འཕེལ་འགྲིབ་ཆེ་བ་དང་དངུལ་གསོག་ཐབས་ལམ་ལ་ཚད་བཀག་ཡོད་པ། ལག་རྩལ་མི་འདང་བ། ནམ་ཟླའི་ཉེན་ཁ་སོགས་འགྲན་རྩོད་མང་བོར་འཕྲད་ཡོད་ཟེར། ཁོས་འཛམ་གླིང་ཡོངས་ཀྱིས་མཐུན་སྦྱོར་འབད་བརྩོན་བྱས་ཏེ། ཇ་ཡི་ཐོན་ལས་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་དེའི་སྦས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་།
ཉིན་དེར་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གསར་དུ་ངོས་ལེན་བྱས་པའི་འཛམ་གླིང་ཡོངས་ཀྱི་ཞིང་ལས་རིག་གནས་ཤུལ་བཞག་མ་ལག་གཙོ་བོ་དྲུག་ཁྱབ་བསྒྲགས་བྱས།
ཇ་ལོ་ལ་སྤྱི་ཚོགས་དཔལ་འབྱོར་ཁྲོད་གོ་གནས་གལ་ཆེན་ཡོད་པའི་རྒྱལ་ཁབ་མང་བོའི་འཐུས་ཚབ་ཚོགས་པ་ཉིན་དེའི་བརྗོད་དོན་བྱ་འགུལ་ལ་ཞུགས། ཚོགས་ཞུགས་མཁན་གྱིས་ཇ་ལོ་ཚོང་ར་དང་ཉོ་ཚོང་སྐོར་ནས་གྲོས་མོལ་བྱས་པ་དང་། ཇ་ཡི་རིག་གནས་ཤུལ་བཞག་དང་སྲོལ་རྒྱུན་གྱི་འབྲེལ་ཡོད་ཉམས་མྱོང་མཉམ་སྤྱོད་བྱས། ཡུལ་དངོས་ནས་ད་རུང་སྲོལ་རྒྱུན་གྱི་ཇ་ཡི་བྲོ་བ་མྱོང་རོལ་བྱས་ཏེ། ཇ་ཡི་རིག་གནས་དང་སྐྱེ་ཁམས་རིན་ཐང་མངོན་པར་མཚོན་པའི་པར་རིས་འགྲེམ་སྟོན་བྱས།
2019ལོར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ལོ་རེའི་ཟླ5བའི་ཚེས21ཉིན་དེ་རྒྱལ་སྤྱིའི་ཇ་ཡི་ཉིན་མོར་གཏན་འཁེལ་བྱས་ཏེ། ཇ་ཡི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་རིན་ཐང་དར་སྤེལ་བྱས་ནས། འཛམ་གླིང་ཡོངས་ཀྱི་ཞིང་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།