སྐབས་དོན་བརྒྱད་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་སུ། ཀྲུང་གོ་དང་ཧྥ་རན་སི། ཧི་ལན། ཁཱ་ཐར། སུའེ་ཙེར། ཀྲི་ལི་བཅས་ཀྱིས་ཚེས20ཉིན་རི་ནེ་ཝ་ནས་མཉམ་དུ་མི་ཚང་མས་སེམས་ཁམས་བདེ་ཐང་གི་ཞབས་ཞུ་ལོངས་སུ་སྤྱོད་པ་སྟེ་འཛམ་གླིང་ཡོངས་ཀྱི་འགུལ་སྐྱོད་དང་མཉམ་ལས་ཞེས་པ་བརྗོད་སྙིང་ཡིན་པའི་མཐའ་ཚོགས་བསྡུས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་ཧི་ལན་དོན་གཅོད་ཁང་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་པའོ་ལོ་པེ་ཁི་ཨར་སི་ཡིས་མཐའ་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་གཙོ་བོ་བྱིས་པ་དང་ན་གཞོན་གྱི་སེམས་ཁམས་བདེ་ཐང་གནད་དོན་གླེང་བ་དང་། ཁོས་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འགན་ཁུར་ནས། བྱིས་པ་དང་ན་གཞོན་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་ ཆ་རྐྱེན་བཟང་བོ་བསྐྲུན་དགོས་པའི་འབོད་སྐུལ་བཏང་།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་ལས་རོགས་པ་སཱ་ལོ་མིན་གྱིས་མཐའ་ཚོགས་སྟེང་བསྟན་དོན། འཛམ་གླིང་ཡོངས་ཀྱི་སེམས་ཁམས་བདེ་ཐང་ཞབས་ཞུའི་ཐད་ཀྱི་མ་དངུལ་མི་འདང་བ་དང་། ཆད་ལྷག་ཚབས་ཆེན་ཡོད་ཀྱང་། འཛམ་གླིང་ཡོངས་ཀྱི་མཉམ་དུ་འབད་བརྩོན་བྱས་ཏེ་སྔར་བཞིན་གྲུབ་འབྲས་ངེས་ཅན་བླངས་ཡོད། 2024ལོའི་ལོ་མཇུག་བར། མི་བྱེ་བ་བདུན་ལ་སེམས་ཁམས་བདེ་ཐང་གི་ཞབས་ཞུ་ཐོབ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགོས་ནད་མ་ཡིན་པའི་རིམས་ནད་དང་སེམས་ཁམས་བདེ་ཐང་གི་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུ་ཡིན་ཟེར། སཱ་ལོ་མིན་གྱིས་རྒྱལ་ཁབ་སོ་སོས་གོ་སྐབས་དམ་འཛིན་བྱས་ཏེ་ཁས་ལེན་དམ་བཅའ་བྱས་ནས། མ་འོངས་པའི་ལོ་འགའི་ནང་གི་སེམས་ཁམས་བདེ་ཐང་ཞབས་ཞུའི་འཕེལ་རྒྱས་ཐད་རྨང་གཞི་བཟང་བོ་འདིང་དགོས་པའི་འབོད་སྐུལ་བཏང་།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་། རྒྱལ་ཁབ་མང་བོའི་སྲིད་གཞུང་གི་དཔོན་རིགས་དང་ཚན་ཞིབ་ལས་ཁུངས་ཀྱི་ཆེད་མཁས་པ་སོགས་མི140ལྷག་ཐེངས་འདིའི་མཐའ་ཚོགས་ལ་ཞུགས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།