ཕཱ་ཁི་སི་ཐན་དང་རྒྱ་གར་གྱིས་ཕ་རོལ་བའི་ཕྱི་འབྲེལ་དཔོན་པོ་གཅིག་རེ་མཐར་སྐྲོད་བཏང་།
2025.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས22ཉིན་གྱི་ཞོགས་པར་ཕཱ་ཁི་སི་ཐན་དུ་སྡོད་པའི་རྒྱ་གར་གྱི་ཕྱི་འབྲེལ་དཔོན་པོ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པ་དང་། སྔ་ཉིན་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཡིས་རྒྱ་གར་དུ་སྡོད་པའི་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་དཔོན་པོ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པ་རེད།

ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། རང་གི་དམིགས་བསལ་ཐོབ་ཐང་དང་མི་འཚམ་པའི་བྱ་འགུལ་གཉེར་བའི་དབང་གིས་ཕཱ་ཁི་སི་ཐན་སྲིད་གཞུང་གིས་ཕཱ་ཁི་སི་ཐན་དུ་སྡོད་པའི་རྒྱ་གར་གྱི་མཐོ་རིམ་ཆེད་དོན་ཁང་གི་ལས་བྱེད་མི་སྣ་གཅིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པ་ཡིན་ལ། དེ་དུས་ཚོད་ཉེར་བཞིའི་རིང་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད། ཆོད་དོན་དེ་ནི་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཕཱ་ཁི་སི་ཐན་དུ་སྡོད་པའི་རྒྱ་གར་གྱི་གནས་སྐབས་གཞུང་ཚབ་པ་བོས་རྗེས་བསྒྲགས་པ་རེད།

དེའི་སྔོན་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། རྒྱ་གར་དུ་སྡོད་པའི་ཕཱ་ཁི་སི་ཐན་གྱི་མཐོ་རིམ་ཆེད་དོན་ཁང་གི་ཕྱི་འབྲེལ་དཔོན་པོ་གཅིག་གིས་རྒྱ་གར་ནས་རང་གི་ཐོབ་ཐང་དང་མི་འཚམ་པའི་བྱ་འགུལ་གཉེར་བའི་དབང་གིས་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པ་དང་། མི་དེ་དུས་ཚོད་ཉེར་བཞིའི་རིང་རྒྱ་གར་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད། ཕཱ་ཁི་སི་ཐན་གྱི་གཞུང་ཚབ་ཁང་ལ་འབྲེལ་ཡོད་ཀྱི་བརྡ་ཡིག་འབྱོར་ཡོད་པ་རེད།

ཕཱ་ཁི་སི་ཐན་དང་རྒྱ་གར་གྱིས་ཚེས13ཉིན་སོ་སོར་ཕྱི་འབྲེལ་དཔོན་པོ་གཅིག་རེ་མཐར་སྐྲོད་བཏང་བ་དང་། ཕ་རོལ་བའི་ཕྱི་འབྲེལ་དཔོན་པོས་གསང་མྱུལ་བའི་བྱ་འགུལ་སྤེལ་བར་སྐྱོན་འཛུགས་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།