དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས22ཉིན་བསྟན་དོན། དབྱི་ལིང་གིས་བཙན་འཛུལ་གྱི་བྱ་སྤྱོད་གང་རུང་ལ་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཡིན་པ་དང་། རིན་དོད་ལ་མི་བལྟ་བར་རང་གི་ཁེ་ཕན་དང་མི་དམངས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
ཨ་ལཱ་ཀི་ཆི་ཡིས་ཚེས22ཉིན་དབྱི་སི་རལ་གྱིས་དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་དཔུང་འཇུག་བྱེད་འཆར་ཡོད་པའི་གནས་ཚུལ་ལྟར་ནས་བཤད་རྒྱུར། འཆར་གཞི་དེ་ཧ་ལས་པ་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར། ཁོས་བསྟན་དོན། དོན་དེའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ལ་འཕྲིན་ཡིག་བསྐུར་ནས། བྱ་སྤྱོད་དེ་ནི་དབྱི་སི་རལ་ལ་གཟབ་ནན་གྱིས་ཉེན་བརྡ་བཏང་བ་ཡིན་པ་ནན་བཤད་བྱས། ཁོས་ད་རུང་བསྟན་དོན། དབྱི་ལིང་གིས་དམིགས་བསལ་བྱེད་ཐབས་སྤྱད་དེ་རང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
དབྱིལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས22ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་པཱ་ཀའེ་ལི་ཡིས་ཀྱང་ཉིན་དེར་ཉེན་བརྡ་བཏང་སྟེ། དབྱི་ལིང་དྲག་ཆས་དམག་དཔུང་གིས་མིག་སྔར་མི་མེད་གནམ་གྲུ་དང་གནམ་གྲུ་ཆུང་བ་སྐོར་ཞིག་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་། དབྱི་ལིང་གིས་འཇིགས་ཉེན་གང་རུང་ལ་དེར་མཐུན་གྱི་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་རྒྱས་ཨ་མེ་རི་ཁའི་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ལ་འབྱོར་བའི་གསང་འཕྲིན་གསར་བ་ལས་དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ལ་འཇབ་རྒོལ་བྱེད་རྩིས་ཡོད་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས21ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཁྱབ་བསྒྲགས་བྱས་དོན། དབྱི་ལིང་གིས་ཚེས23ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་སྤེལ་རྒྱུ་ཡིན་པའི་སྐོར་ཐེངས་ལྔ་བའི་དབྱི་ལིང་དང་ཨ་མེ་རི་ཁའི་བརྒྱུད་པའི་གྲོས་མོལ་ལ་ཞུགས་རྒྱུར་འཐད་པ་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།