ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་གྱི་པིན་ཀུའུ་ལི་ཨན་གནམ་གྲུ་ཐང་ལ་འཇབ་རྒོལ་ཐེངས་གཉིས་བྱས་པའི་ཚུལ་བསྟན།
2025.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས22ཉིན་བཤད་རྒྱུར། རྩ་འཛུགས་དེས་ཉིན་དེའི་ཞོགས་པ་དང་ཉིན་གུང་ཐེངས་གཉིས་ལ་དབྱི་སི་རལ་གྱི་པིན་ཀུའུ་ལི་ཨན་གནམ་གྲུ་ཐང་ལ་འཕུར་མདའི་འཇབ་རྒོལ་བྱས་ཟེར། དབྱི་སི་རལ་གྱིས་ཐེངས་གཉིས་ཀྱི་འཇབ་རྒོལ་ལས་འཕུར་མདའ་ཚང་མ་བཀག་ཡོད་ཟེར།

ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། རྩ་འཛུགས་དེས་འཕུར་མདའ་བཀོལ་ནས་པིན་ཀུའུ་ལི་ཨན་གནམ་གྲུ་ཐང་ལ་ཐེངས་གཉིས་ལ་དམག་དོན་ཆམ་ཕབ་བཏང་སྟེ། དམིགས་འབེན་ལེགས་འགྲུབ་བྱུང་ཡོད་ཟེར།

སཱ་ལོས་ཡཱ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་མི་མེད་གནམ་གྲུ་བཀོལ་ནས་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་གྲོང་ཁྱེར་དང་ཧེ་ཧྥ་གྲུ་ཁའི་དམིགས་འབེན་གཙོ་བོར་འཇབ་རྒོལ་བྱས་ཟེར།

དབྱི་སི་རལ་ཕྱོགས་ཀྱིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པའི་ཞོགས་པའི་འཕུར་མདའི་འཇབ་རྒོལ་ལས་དབུས་ཕྱོགས་ཀྱི་ས་ཁུལ་མང་བོར་ཉེན་བརྡ་གྲགས་པ་དང་། དེའི་རྗེས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་འཕུར་མདའ་བཀག་འགོག་བྱས། འཕུར་མདའི་འཇབ་རྒོལ་ལས་ཐད་ཀར་དུ་མི་སྣར་ཤི་རྨས་ཐེབས་མེད་ཀྱང་། སྐྱེས་པ་ཞིག་ལ་བྲེལ་མྱུར་ཉེན་ཡོལ་བྱེད་སྐབས་རྨས་ཕོག་ཡོད་ཟེར། འཕུར་མདའི་འཇབ་རྒོལ་ཐེངས་གཉིས་པའང་བཀག་འགོག་བྱས་ཡོད་ལ། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།