ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་ཞི་འཇགས་ས་ཁུལ་འཛུགས་རྒྱུའི་ཚུལ་བསྟན།
2025.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས22ཉིན་བསྟན་དོན། ཨུ་རུ་སི་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་ཞི་འཇགས་ས་ཁུལ་འཛུགས་རྒྱུ་ཡིན་པ་དང་། ཨུ་རུ་སིའི་དམག་དཔུང་གིས་གནད་དོན་དེ་ཐག་གཅོད་བྱེད་བཞིན་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་སྲིད་གཞུང་གི་ཁོངས་མི་དང་མཉམ་དུ་བསྡུས་པའི་བྱ་བའི་གྲོས་ཚོགས་སྟེང་བཤད་རྒྱུར། ཁུའུ་ཨར་སི་ཁི་མངའ་སྡེ་དང་འཁྲུག་རྩོད་ས་ཁུལ་དང་ཉེ་བའི་མཐའ་མཚམས་ས་ཁུལ་གྱི་སྡོད་དམངས་ལ་མིག་སྔར་རྒྱབ་སྐྱོབ་གང་ལེགས་མཁོ་ཟེར། ཁོས་ཕྱོགས་ཡོངས་ཀྱི་འཆར་གཞི་ཞིག་གཏན་འབེབས་བྱས་ནས་མྱུར་མོར་ཁུའུ་ཨར་སི་ཁི་དང་པེ་ཨར་ཀི་ལོ་ཏི། པུའུ་ལིང་སི་ཁི་སོགས་ཝུའུ་ཁི་ལན་གྱི་དམག་དཔུང་གི་འཇབ་རྒོལ་ཐེབས་སའི་ས་ཁུལ་དུ་དགོས་ངེས་ཀྱི་ནོར་སྲིད་དང་དངོས་པོའི་ཐོན་ཁུངས་འདོན་སྤྲོད་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་ཚེས20ཉིན་ཁུའུ་ཨར་སི་ཁི་མངའ་སྡེ་རུ་རྟོག་ཞིབ་བྱས་པ་དང་། བསྒྲགས་པ་ལྟར་ན། དེ་ནི་ཟླ4བའི་ཚེས26ཉིན་ཨུ་རུ་སིའི་ཕྱོགས་ཀྱིས་ཁུའུ་ཨར་སི་ཁི་མངའ་སྡེ་ཕྱིར་འཕྲོག་ལེན་བྱས་པའི་ཚུན་ལ་ཕུའུ་ཅིན་གྱིས་ཐོག་དང་པོར་མངའ་སྡེ་དེར་འཚམས་འདྲི་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།