ཨེ་ཅིབ་ཀྱི་སྲིད་འཛིན་སེ་ཞི་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་གཉིས་ཀྱིས་ཚེས22ཉིན་ས་ཁུལ་གྱི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས་པ་དང་། གཙོ་བོ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།
ཨེ་ཅིབ་ཀྱི་སྲིད་འཛིན་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སི་ཐཱ་མའོ་ཡིས་སེ་ཞི་ཡི་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཐད་ཀྱི་ལྟ་ཚུལ་ལ་ཉན་པ་དང་། ཨེ་ཅིབ་དང་ཁཱ་ཐར། ཨ་མེ་རི་ཁ་བཅས་ཀྱིས་འཁྲུག་རྩོད་མཚམས་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཀྱི་རོགས་རེས་བྱ་བའི་གནས་ཚུལ་ལ་ཉན། སེ་ཞི་ཡིས་དབྱིན་ཇི་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གནད་དོན་དང་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཐད་ཀྱི་ལངས་ཕྱོགས་བཟང་བོར་གཟེངས་བསྟོད་བྱས། ཕྱོགས་གཉིས་ཀྱིས་ད་རུང་མུ་མཐུད་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་ཐད་ནས་མཐུན་སྦྱོར་བྱེད་པར་འཐད་པ་བྱུང་།
སེ་ཞི་ཡིས་ནན་གྱིས་བསྟན་དོན། ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་ལས་དོན་ལ་གཏོར་བརླག་བྱེད་པ་དང་ཕཱ་ལེ་སི་ཐན་གྱི་མི་རྣམས་རང་གི་ས་ཁོངས་ནས་མཐར་སྐྲོད་གཏོང་བའི་གཡོ་ཇུས་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་པའི་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་འཆར་གཞིར་རྒྱབ་སྐྱོར་བྱེད་དགོས་ལ། ངེས་པར་དུ་འཁྲུག་རྩོད་མཚམས་བཞག་རྗེས་ལག་བསྟར་ཐུབ་པའི་དོན་དངོས་བྱེད་ཐབས་སུ་བསྒྱུར་དགོས་ཟེར།
དབྱིན་ཇི་དང་ཧྥ་རན་སི། ཁཱ་ནཱ་ཏཱ་བཅས་ཀྱིས་ཚེས19ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན། རྒྱལ་ཁབ་གསུམ་གྱིས་བསྟན་དོན། གལ་ཏེ་དབྱི་སི་རལ་གྱིས་སྐོར་ཐེངས་གསར་བའི་དམག་དོན་དཔུང་འཇུག་མཚམས་མི་འཇོག་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་ཀྱི་བཀག་སྡོམ་མེད་པར་མ་བཏང་ན། རྒྱལ་ཁབ་གསུམ་གྱིས་བྱེ་བྲག་གི་བྱེད་ཐབས་སྤྱད་དེ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། ཚེས20ཉིན་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་མུས་ཀྱིས་གྲོས་ཁང་ཞོལ་མ་ནས་གཏམ་བཤད་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བཀག་སྡོམ་བྱས་པའི་དབང་གིས་དབྱིན་ཇི་ཡིས་དབྱི་སི་རལ་བར་གྱི་རང་དབང་ཉོ་ཚོང་གྲོས་མོལ་མཚམས་བཞག་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།