མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབྱིན་ཇི་དང་མའོ་ལི་ཁྱིག་སི་ཡིས་ཁྲ་ཀི་སི་གླིང་ཚོམས་གྲོས་མཐུན་བཀོད་པར་དགའ་བསུ་ཞུས།
2025.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས22ཉིན་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་དབྱིན་ཇི་དང་མའོ་ལི་ཁྱིག་སི་ཡིས་ཁྲ་ཀི་སི་གླིང་ཚོམས་སྐོར་གྱི་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་ཟེར།

ཏིས་ཡཱ་ལི་ཁི་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། གྲོས་མཐུན་དེ་ནི་དུས་ཡུན་རིང་བོའི་རྩོད་གླེང་ཐག་གཅོད་བྱེད་པའི་ཐད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། ཕྱི་འབྲེལ་བྱེད་ཐབས་དེས་ལོ་རྒྱུས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་རིན་ཐང་མངོན་པར་མཚོན་ཡོད་ཟེར། ཀུའུ་ཐི་ལོས་སི་ཡིས་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་བསྡུར་བྱས་ཏེ། ཁྲ་ཀི་སི་གླིང་ཚོམས་ཀྱི་སྡོད་དམངས་དག་གི་ཁེ་ཕན་དང་རེ་འདུན་ལ་བརྩི་འཇོག་དང་སྲུང་སྐྱོབ་གང་ལེགས་བྱེད་པར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྒྱུད་རིམ་དེའི་ཁྲོད་ཕྱོགས་གཉིས་ལ་རོགས་འདེགས་བྱེད་འདོན་ཡོད་ཟེར།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ཚེས22ཉིན་གྲོས་མཐུན་བཀོད་དེ། ཁྲ་ཀི་སི་གླིང་ཚོམས་ཀྱི་བདག་དབང་མའོ་ལི་ཁྱིག་སི་ལ་དངོས་སུ་སྤྲོད་རྒྱུ་ཡིན་ཟེར། གྲོས་མཐུན་གྱི་ནང་དོན་ལྟར་ན། ས་ཁུལ་དེའི་ཏིས་ཀི་ཅཱ་ཞི་ཡཱ་དམག་དོན་རྟེན་གཞི་དེ་མའོ་ལི་ཁྱིག་སི་ཡིས་དབྱིན་ཇི་དང་ཨ་མེ་རི་ཁར་གླ་དགོས་པ་རེད།

ཁྲ་ཀི་སི་གླིང་ཚོམས་དེ་མའོ་ལི་ཁྱིག་སིའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ750མཚམས་ཀྱི་ཧིན་རྡུ་རྒྱ་མཚོ་ཆེན་མོའི་ལྷོ་ནུབ་མཚོ་ཁོངས་སུ་ཡོད། མའོ་ལི་ཁྱིག་སི་ཡིས1965ལོར་བཙན་སྐུལ་ཐེབས་པའི་དབང་གིས་ ཁྲ་ཀི་སི་གླིང་ཚོམས་དེ་དབྱིན་ཇིའི་མི་སེར་སྤེལ་བའི་དབང་འཛིན་ལས་ཁུངས་ལ་བྱིན་པ་རེད། དབྱིན་ཇི་ཡིས་ལོ་གཉིས་པར་གླིང་ཚོམས་དེའི་ཏིས་ཀི་ཅཱ་ཞི་ཡཱ་ཨ་མེ་རི་ཁར་གླས་ནས་མཁའ་དམག་རྟེན་གཞི་ལས་པ་དང་། སྡོད་དམངས་སྟོང་གཉིས་ཙམ་མཐར་སྤྲོད་བཏང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།